ཁྱུང་ཐར་རྒྱལ་གྱི་སྙན་དེབ《དཔྱིད་ཀྱི་ཆར་དཀར》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།


ཉེ་ཆར། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མིང་དུ་གྲགས་པའི་བོད་ཀྱི་སྙན་ངག་པ་ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་གྱི་སྙན་དེབ་ཁག་དྲུག་པ《དཔྱིད་ཀྱི་ཆར་དཀར》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།

《དཔྱིད་ཀྱི་ཆར་དཀར》ནི་དུས་རབས་གསར་བའི་མུ་འབྲེལ་བོད་ཡིག་གསར་རྩོམ•གཡུ་དྲུག་དཀར་དཔེ་ཚོགས(ཁག་གསུམ་པ)ནང་གི་གཅིག་ཡིན། སྙན་དེབ་འདིའི་ནང་དུ་སྙན་ངག་པས་ཉེ་བའི་ལོ་འགའི་རིང་གསར་རྩོམ་གནང་བའི་ཚིགས་བཅད་སྙན་ངག47བསྡུས་ཡོད་ལ། སྙན་ངག་རྐྱང་བའི་ཟུར་ངོས་ནས་རྒྱ་ཆེའི་འབྲོག་དམངས་ཀྱི་གཏན་སྡོད་འཚོ་བ་དང་དམངས་སྲོལ་བྱེད་སྒོ། ཏང་གི་སྐབས་བཅུ་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་གཞི་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འཐུས་ཚང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་གི་ཉམས་དགའི་རྣམ་པ། ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་པའི་མང་ཚོགས་ཀྱི་འཚོ་བ་བཅས་ལ་མཛེས་སྡུག་གི་བསྟོད་གླུ་ཕུལ་ཡོད།

སྙན་ངག་གི་བརྗོད་བྱ་ཁྱབ་ཆེ་ཞིང་རྗོད་བྱེད་ཀྱི་ཚིག་སྦྱོར་ཕུན་སུམ་ཚོགས་ལ། ཡིད་བརྙན་འགོད་སྟངས་དང་ཚོར་རྟོག་སོགས་ལ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པས་རྩོམ་རིག་གི་བདེན་དངོས་རང་བཞིན་དང་རོལ་མྱོང་རིན་ཐང་མངོན་པར་གསལ་ཡོད།

ཁྱུང་ཐར་རྒྱལ་ནི1968ལོར་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་དུ་སྐྱེས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་མཚན་སྙན་གསོལ་ཡོད། ད་ལྟ་རྩེ་ཁོག་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བྱ་བ་སྒྲུབ་བཞིན་ཡོད། བརྩམས་ཆོས་གཙོ་བོར་སྙན་དེབ༼ཁ་བ་དཀར་པོ༽དང༼སེམས་ཀྱི་གྲོང་ཁྱེར༽༼བརྩེ་བ་ཀོ་ཤུན་མ༽༼རུས་རྐང་ལ་བབས་པའི་ཡི་གེ༽༼ཕ་ཡུལ་གྱི་གཙང་བོ༽༼དཔྱིད་ཀྱི་ཆར་དཀར༽སོགས་དང་། རིག་གཞུང་དཔྱད་རྩོམ༼བོད་ཀྱི་ལྷ་སྒྲུང་སྐོར་གླེང་བ༽དང༼བོད་རིག་པའི་དཔྱད་གླེང་མུ་ཏིག་དཀར་པོའི་སྒྲོམ་ཆུང༽འབོལ་རྩོམ༼མེ་ལོང་ནང་གི་སྐད་ཆ༽སོགས་དང་། བསྒྱུར་དེབ༼ཀི་ཏིའི་སྙན་ངག་གཅེས་བཏུས༽སོགས་དང་། ཆེད་སྒྲིག་འོད་སྡེར༼ཕ་ཡུལ་གྱི་གཏམ་རྒྱུད༽དང༼བཀྲ་ཤིས་པའི་རྩེ་གཞུང༽སོགས་ཡོད་ལ། ༼པོ་ཏ་ལ༽དང༼ཟླ་བ་སྒྲོལ་མ༽༼འཁྲུངས་རབ་མེ་ཏོག་ཕྲེང་བ༽སོགས་གླུ་ཚིག་གི་སྐོར་དང་དལ་འབབ་ཀྱི་རྩེ་ཆུ་རིང་མོ་སོགས་པར་རིས་བརྩམས་ཆོས་ཀྱང་མང་ཙམ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号