བོད་ཀྱི་གསོ་རིག་ཀུན་བཏུས་བསྟུད་སྒྲིག་མ་པོད་ཉི་ཤུ་ཅན་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།

2011ལོར《བོད་ཀྱི་གསོ་རིག་ཀུན་བཏུས》དེབ་དྲུག་ཅུ་ཅན་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་པ་དེས། འཛམ་གླིང་གཟུགས་འདས་ཤུལ་བཞག་རིག་གནས་ལས་བོད་ཀྱི་གསོ་བ་རིག་པ་ལ་སྔར་ལས་ལྷག་པའི་གཟི་བྱིན་བླ་མེད་བསྐྲུན་ཡོད་པར་མ་ཟད། བོད་ཕྱི་གསོ་རིག་གི་ཞིབ་འཇུག་དང་སློབ་གསོ། ཐོན་ལས། ནད་ཐོག་སོགས་ཀྱི་ཐད་ལའང་སྔ་ན་མེད་པའི་ཕན་པ་རྒྱ་ཆེན་པོ་བསྔོས་ཤིང་། རྒྱལ་ཁབ་རིམ་པའི་ཆེད་ལས་མཁས་དབང་དང་དགེ་བའི་བཤེས་གཉེན། སྨན་པ་དང་སློབ་མ་སོགས་གསོ་རིག་རྗེས་འཛིན་པ་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་སྟོར་ལ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཐེངས་གསུམ་པའི་ཀྲུང་གོ་དཔེ་སྐྲུན་བྱ་དགའ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ཕྱོགས་ཀྱི་མཚན་སྙན་དང་གཟེངས་རྟགས་གང་མང་ཐོབ་མྱོང་།

ཐེངས་འདིར་ཡང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་དཔེ་རྙིང་ཞིབ་འཇུག་མི་སྣ་དང་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཡོངས་ཀྱིས་འགན་གཅིག་ལྕོགས་སུ་བཞེས་ཤིང་། འབྲེལ་ཡོད་མགོ་ཁྲིད་དང་མི་སྣས་ཐུགས་ཁུར་དང་རྒྱབ་སྐྱོར་འོག《བོད་ཀྱི་གསོ་རིག་ཀུན་བཏུས》ཀྱི་མུ་འབྲེལ་ལས་གཞིའི་ལས་སྒོ་མགོ་བརྩམས་ནས་ལོ་ངོ་བཅུ་ལྷག་གི་རིང་ལ་འབད་པ་ལྷུར་ལེན་བྱས་པ་བརྒྱུད། 《བོད་ཀྱི་གསོ་རིག་ཀུན་བཏུས་བསྟུད་སྒྲིག་མ》པོད་ཉི་ཤུའི་བདག་ཉིད་ཅན་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀ་ཡོངས་སུ་ལེགས་གྲུབ་བྱུང་སྟེ། སྔར་གྱི་པོད་ཆེན་དྲུག་ཅུའི་སྟེང་པོད་ཉི་ཤུ་གསར་དུ་བསྡུ་སྒྲིག་བྱས་ཤིང་། ཏང་གི་རྒྱུད་གཅིག་ལམ་གཅིག་གི་རིག་གནས་དར་སྤེལ་དང་བརྗེ་རེས་ཀྱི་དགོངས་པ་རྩ་དོན་དུ་བཅངས་ནས་དེ་སྔ་ལག་སོན་མ་བྱུང་བའི་རྒྱལ་ནང་གི་ས་གནས་ཁག་དང་འབྲུག་ཡུལ་དང་། ཨུ་རུ་སི། ཕྱི་སོག་ལ་སོགས་རྒྱལ་ཁབ་མང་པོའི་དཔེ་མཛོད་ཁང་ནས་ལག་སོན་བྱུང་བའི་དཔེ་རྒྱུན་དཀོན་པའི་དཔེ་རྙིང་སྟོང་ཕྲག་གཅིག་ལྷག་ཙམ་ལས། ཡོངས་སུ་གྲགས་ཤིང་ཚད་མར་འཛིན་པ། སྤྱོད་སྒོ་ཆེ་བ། ཞིབ་འཇུག་དང་བེད་སྤྱོད། ཉར་ཚགས་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་བརྩམས་ཆོས་ཉིས་བརྒྱ་དང་གོ་གཉིས་བདམས་ཏེ། སྔར་གྱི་གསོ་རིག་ཀུན་བཏུས་ཆེན་མོའི་ས་བཅད་ཀྱི་སྒྲིག་གཞི་ལྟར་སྤྱི་དོན་ཆེན་མོ་བརྒྱད་དང་། སྤྱི་དོན་རེ་ལ་སྐབས་དོན་བཞི་བཅུ་ཞེ་ལྔ། སྐབས་དོན་རེ་ལ་ཚན་པ་དུ་མར་ཕྱེས་ནས་ཚན་པ་ཉིས་བརྒྱ་གོ་གཉིས་སུ་བསྒྲིགས་ཤིང་། སྤྱི་དོན་བརྒྱད་པའི་ནང་རིམ་པ་བཞིན་གསོ་བ་རིག་པ་བྱུང་འཕེལ་གྱི་ལོ་རྒྱུས་དང་། གནའ་རབས་གསོ་རིག དཔལ་ལྡན་རྒྱུད་བཞི་དང་དེའི་འགྲེལ་བ། ནད་ཐོག་ཉམས་ཡིག སྨན་ངོ་ཤེས་བྱེད། སྨན་གྱི་སྦྱོར་བ། སྨན་རྫས་འདུལ་སྦྱོང་། བདུད་རྩི་སྨན་གྱི་མདོ་ཆོག་དང་སྔགས་ཀྱི་བཅོས་ཐབས་སོགས་གོ་རིམ་ངེས་པ་ཅན་དུ་བཀོད་དེ་མིག་སྔར་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།  

《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མ་པར་བསྐྲུན་འགྲེམ་སྤེལ་བྱས་པ་འདིས་མིང་དོན་མཚུངས་པའི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་ནུབ་པ་མེད་པར་སྲུང་སྐྱོབ་དང་རྒྱུན་འཛིན་ལེགས་པོ་བྱས་ཐོག ཕྱོགས་ཡོངས་ནས་མིའི་རིགས་ཀྱི་དཔལ་ཡོན་གསར་བའི་རྣམ་པ་འཛུགས་སྐྲུན་དང་དར་རྒྱས་གོང་སྤེལ་གཏོང་བར་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་། ནད་རིགས་འགོག་བཅོས་ཀྱི་གཞུང་དང་ལག་ལེན་འཐུས་ཚང་དུ་བཏང་ནས་རང་ལུགས་འཛིན་པ་རྣམས་ལ་སྔར་བས་ཕན་ཐོགས་ཐུབ་པ། དཔྱད་གཞིའི་ཡིག་ཆ་སྔར་བས་གྱ་ནོམ་པ་མཁོ་སྤྲོད་གནང་ནས་བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་ཐུབ་པ། མན་ངག་གནད་ཀྱི་དོན་རྙེད་ནས་ནད་ཀྱི་མདུན་སར་ཉམ་ང་དང་བག་ཚ་མེད་པར་གདེང་དང་ལྡན་པར་འགྱུར་བ་སོགས་མདོར་ན་བོད་ཀྱི་གསོ་བ་རིག་པ་འདི་ལུས་ཅན་ཀུན་གྱི་སྲོག་འཚོའི་དཔལ་དུ་འགྱུར་བའི་དགེ་མཚན་རྒྱ་ཆེར་ལྡན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号