རྩོམ་པ་པོ་ཚེ་རིང་ནོར་བུ།
《གངས་ལྗོངས་ཀྱི་གཅེས་ཕྲུག》ཅེས་པའི་དེབ་ཕྲེང་འདི་ནི་རྒྱ་ཡིག་གི་ལམ་ནས་རྩོམ་རིག་གསར་རྩོམ་གནང་བཞིན་པའི་བོད་རིགས་རྩོམ་པ་པོ་གྲགས་ཅན་ཚེ་རིང་ནོར་བུས་བརྩམས་ཤིང་། 2016ལོར་ཨན་ཧའེ་ན་ཆུང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དེབ་བཞིའི་བདག་ཉིད་ཅན་གྱི་བྱིས་སྒྲུང་དཔེ་ཚོགས་དེ་ཡིན། སྤྱིར་རྩོམ་མཁན་ཁོ་རང་ནི་བོད་རིགས་ཡིན་པ་ལས་གཞན་རྒྱ་བོད་ཡིག་རིགས་གཉིས་ཀར་ནང་བྱན་ཆུད་ཅིང་། ཆུང་དུས་ནས་བོད་ཡུལ་དུ་ནར་སོན་ཞིང་འཚོ་བ་རོལ་པས་བརྗོད་པ་གང་རང་ཉིད་ལ་ཆེས་འདྲིས་ཆ་ལྡན་པའི་ཁོར་ཡུག་དང་དོན་དག་ཅི་རིགས་ཡིན་སྟབས། དེབ་བཞི་པོའི་བརྗོད་བྱ་ཡང་བོད་པ་ཞིག་ཡིན་ཕྱིན་ཤིན་ཏུ་སྙིང་ཉེ་བོར་སྣང་ཞིང་། བོད་ཀྱི་ཀློག་མཁན་སུ་ལ་མཚོན་ནའང་རང་གི་མཐོང་སྣང་དང་རྣ་ཐོས་སུ་གྱུར་པ་རྐྱང་རྐྱང་དུ་མངོན་པས་བར་བགེགས་ཅི་ཡང་མེད་པར་ལས་སླ་བོར་སྒྲུང་གཏམ་གང་དེའི་ཁམས་སུ་འཇུག་སླ་ངེས། དེའི་ཁར་དེ་དག་ལས་ཕྱུང་བའི་བོད་པས་ཁོར་ཡུག་ལ་བཟུང་བའི་ལྟ་སྟངས་དང་བྱ་བྱེད་ཅི་རིགས་དེང་གི་དུས་འདིར་རྒྱལ་ཁབ་ཀྱིས་བཏོན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་དང་མ་གྲོས་གཅིག་མཐུན་དུ་མངོན་པས་ལྟ་ཀློག་གི་རིན་ཐང་ཆེན་པོ་ལྡན། དེབ་འདི་དེ་སྔ་དབུ་ལེ་དབང་རྒྱལ་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར་ཅིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ད་ཆ་ཡང་བསྐྱར་བོད་ལྗོངས་ཀྱི་ན་གཞོན་རྩོམ་པ་པོ་ནམ་མཁའ་བཀྲ་ཤིས་ཀྱིས་བོད་ཡིག་ཏུ་བསྒྱུར་ནས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། །
བྱིས་བློ་དང་ཤེས་རབ།
—གླེང་གཞིའི་ཚབ་ཏུ།
ཡེ་མེས།
ལོ་ཤས་གོང་བོད་ཀྱི་རྩོམ་པ་པོ་ཚེ་རིང་ནོར་བུའི་བརྩམས་སྒྲུང་ཐུང་གྲས《ལུག་ཚེ་ཐར》ཞེས་པར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ། བརྩམས་ཆོས་དེར་བོད་ཀྱི་རྩོམ་རིག་སྔོན་སྐྱོད་རིང་ལུགས་ཀྱི་ཁྱད་ཆོས་ཉམས་མེད་ལ། དངོས་ཡོད་འཚོ་བ་ཟབ་པར་མཚོན་པ་དང་། མུ་མཐའ་མེད་པའི་མདོ་དབུས་མཐོ་སྒང་ཐོག་འཚོ་ཞིང་གཞེས་པའི་མི་རྣམས་ཀྱི་འགྱོད་བཤགས་དང་བཟོད་སྒོམ། ངོ་མཚར་མཚོན་པར་བྱས་པས། སྐྱོ་སྣང་དང་ཁྱད་འཕགས་ཀྱི་རྣམ་པ་ཞིག་མངོན་ཡོང་།
དོན་དུ་ཚེ་རིང་ནོར་བུས་དེ་སྔོན་ནས་བོད་ཡུལ་གྱི་མི་དམངས་འཚོ་བ་མཚོན་པའི་བརྩམས་ཆོས་རབས་དང་རིམ་པ་བྲིས་ཡོད་དེ། དཔེར་ན་བརྩམས་སྒྲུང་ཐུང་གྲས《ལག་དམར》ཞེས་པའི་ནང་འདས་གྲོངས་སུ་གྱུར་བའི་ཨ་ཕའི་དགྲ་ཤ་ལེན་མཁན་གྱི་ཁམས་པ་ཞིག་ཞིབ་འབྲི་བྱས་ཤིང་། ལོ་མང་རིང་གང་སར་ལག་དམར་འཚོལ་བར་སོང་བ་དང་།
ཚེ་རིང་ནོར་བུ་ནི་བརྩོན་འགྲུས་ཅན་ཞིག་ཡིན་སྟེ། ཁོང་གི་གསར་རྩོམ་དེ་ཐོག་མཐའ་བར་གསུམ་དུ་གོང་མཐོར་སྙེག་པའི་རྣམ་པ་མངོན་ཞིང་། མུ་མཐུད་ནས་དཀའ་གནད་གསར་པ་དང་ལེན་གྱིས་འགག་གནད་སྒྲོལ་བཞིན་ཡོད། བརྩམས་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས《ལུག་ཚེ་ཐར》ཞེས་པ་དེ་དབྱིན་ཡིག་ཏུ་བསྒྱུར་བ་ནས་བཟུང་། མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་ལ། གསར་དུ་བརྩམས་པའི་སྒྲུང་རིང《རླུང་བུའི་ཁྲོད་ཀྱི་མཆོད་སྦྱིན》ཞེས་པའི་གླེང་བརྗོད་བྱེད་སྟངས་དམིགས་བསལ་ཡིན་པས་ཆེད་ལས་མཁས་པ་ཚོས་གདེང་འཇོག་ཆེན་པོ་གནང་ཞིང་། 2015ལོའི་རྒྱལ་ཡོངས་བརྩམས་སྒྲུང་རིང་གྲས་བང་སྒྲིག་གི་མདུན་གྲལ་དུ་ཚུད་ཡོད། ཚེ་རིང་ནོར་བུས་རང་གི་ཁུ་སིམ་པའི་རྩོམ་སྲོལ་དང་། བོད་ཡིག་ལ་བྱང་ཆུབ་པ་མ་ཟད་རྒྱ་བོད་རིག་གནས་གཉིས་ཀྱི་ཁྱད་པར་ལ་ཉམས་ཞིབ་གནང་བའི་ལོ་མང་ཉམས་མྱོང་ལ་བརྟེན་ནས། ཀློག་པ་པོར་བོད་དང་བོད་ཀྱི་རིག་གནས་ལ་མྱོང་རོལ་བྱེད་རྒྱུའི་སྒོ་མོ་ཞིག་ཕྱེ་ཞིང་། བོད་དང་རྒྱང་ཐག་རིང་བའི་མི་རྣམས་ལ་དངོས་ཡོད་དང་དཔེ་མཚོན་རང་བཞིན་ལྡན་པའི་གཏམ་རྒྱུད་བརྒྱུད་དེ། མདོ་དབུས་མཐོ་སྒང་གི་བསམ་བློའི་ནང་སྙིང་དང་འགྱུར་ལྡོག་གི་གོམ་འགྲོས་མངོན་པར་བྱས་ཡོད།
ཉིན་ཤས་གོང་། ང་ལ་པེ་ཅིན་དུ་ཚོགས་འདུར་ཞུགས་པའི་ཚེ་རིང་ནོར་བུར་འཕྲད་ཅིང་། ཁོང་གིས་སྔར་བཞིན་ཁེངས་སྐྱུང་དང་འཚེར་སྣང་ངང་བཤད་རྒྱུར། ཨེན་ཧུའེ་ལོ་ཆུང་བྱིས་པའི་དཔེ་སྐྲུན་ཁང་ནས་ཁོང་རང་ཉིད་ཀྱི་བྱིས་པའི་རྩོམ་རིག་དཔེ་ཚོགས་གངས་ལྗོངས་ཀྱི་གཅེས་ཕྲུག(རྒྱ་ཡིག་པར་མ)ཅེས་པ་ཞིག་དཔེ་སྐྲུན་ཡོད་འཆར་གླེང་བྱུང་བས། དེས་མི་ཅི་ཙམ་ཞིག་ཧང་སངས་སུ་མི་འཇུག་ག་ལ་སྲིད། རྗེས་སུ་ངས་ཁོང་གིས་བསྐུར་འབྱོར་བའི་བརྩམས་ཆོས་ཀྱི་མ་ཟིན་ཆ་ཤས་བཀླགས་རྗེས། བློ་ཡུལ་ལས་འདས་རུང་དོན་དང་མཐུན་པ་ཞིག་ཏུ་མཐོང་།
ལོ་ཤས་ནང་། རྩོམ་པ་པོ་དར་མས་བྱིས་པའི་རྩོམ་རིག་ལ་དོ་སྣང་དང་མི་རྣམས་ཀྱི་བློ་ཡུལ་འདས་པའི་བརྩམས་ཆོས་གསར་པ་འབྲི་མཁན་མང་དུ་བྱུང་ཡོད་པས། ཞིབ་པར་བསམས་ན་ཚེ་རིང་ནོར་བུའང་ལམ་དེ་ལ་ཞུགས་པར་ཡ་མཚན་རྒྱུ་གང་ཡང་མི་འདུག ཁོང་གི་དེ་སྔའི་བརྩམས་ཆོས་ཁག་ལས་བོད་ཀྱི་ལོ་རྒྱུས་ཀྱི་ལྗིད་ཚད་མངོན་ཡོད་ལ། མདོ་དབུས་མཐོ་སྒང་གི་ནམ་མཁའ་དང་གངས་རི་ལྟ་བུའི་དྭངས་གཙང་གི་བྱིས་བློ་ཞིག་ཀྱང་མངོན་ཡོང་བས། དེས་ཏག་ཏག་བྱིས་པའི་རྩོམ་རིག་ནང་གནས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་མཚོན་ཡོད། དཔེ་ཚོགས་སུ་ཚུད་པའི་བརྩམས་ཆོས《ངོ་མཚར་ཆེ་བའི་བཅུ་གསུམ་ལོ་ལ》ཞེས་པ་དང《རྨོ་བོ་ལགས་ཀྱིས་ལྷ་ཡུལ་ནས་ང་ལ་གཟིགས་བཞིན་ཡོད》ཅེས་པ། 《ཡང་སྤྲུལ་གསང་བདག་རིན་པོ་ཆེའི་རྣམ་ཐར》《ཞིང་གྲོང་གི་གུང་གསེང》ཞེས་པ་བཅས་ལས་ཁོང་གི་རྩོམ་གཤིས་མངོན་ཡོད་ཅིང་། ཁོང་གིས་བྱིས་པའི་མིག་དབང་སྤྱད་ནས་གོམ་གང་མདུན་སྤོས་ཀྱིས་བོད་ཡུལ་གྱི་འཚོ་བའི་སེམས་ཚོར་མི་འདྲ་བ་ཞིག་མཚོན་པར་བྱས་ཡོད།
《ངོ་མཚར་ཆེ་བའི་བཅུ་གསུམ་ལོ་ལ》ཞེས་པའི་ནང་། ཕ་མ་མེད་པའི་ཕྱུགས་རྫི་ཡར་རྒྱས་ལ་ལྷ་ཡི་ལུང་བསྟན་ཐོབ་ནས་གླིང་རྗེ་གེ་སར་གྱི་སྒྲུང་པར་གྱུར་བ་བྲིས་ཤིང་། བྱིས་པ་དེ་ཁེར་རྐྱང་ངང་རྩྭ་ཐང་ཐོག་ཉིན་མཚན་གཉིས་གཉིད་ལ་ཤོར་བ་དང་། དྲག་ཆར་རླུང་འཚུབ་ཀྱི་ངོ་མཚར་ལྟད་མོ་མཐོང་སྟེ། རིམ་བཞིན་སེམས་ཤུགས་ཡོད་པའི་མི་ཞིག་ལ་གྱུར་བ་བྲིས་ཡོད། 《ངོ་མཚར་ཆེ་བའི་བཅུ་གསུམ་ལོ་ལ》ཞེས་པས་བོད་རིགས་བྱིས་པ་ཞིག་གི་བསམ་བློའི་འཚར་ལོངས་བྲིས་ཡོད། 《ཡང་སྤྲུལ་གསང་བདག་རིན་པོ་ཆེའི་རྣམ་ཐར》ཞེས་པའི་ནང་བོད་རིགས་བྱིས་པ་ཞིག་སོ་སྐྱེ་ཕལ་པ་ནས་སྤྲུལ་སྐུར་གྱུར་བའི་བརྒྱུད་རིམ་ཤར་མར་བྲིས་ཤིང་། སྤྱིར་བཏང་མི་ཞིག་གི་ངོས་ནས་བལྟས་ན་ལྷ་སྒྲུང་ལྟ་བུར་སྣང་རུང་། བོད་ལ་མཚོན་ན་ཚང་མས་ཧ་གོ་བའི་དོན་དངོས་ཀྱི་གཏམ་རྒྱུད་ཅིག་ཡིན་ལ། དེ་ནི་མི་རིགས་རིག་གནས་དང་དད་མོས་མི་འདྲ་བར་བརྟེན་ནས་བྱུང་བས། འགྱུར་མེད་ཀྱི་སྟོབས་ཤུགས་ཆེན་པོ་གནས་ཡོད། 《རྨོ་བོ་ལགས་ཀྱིས་ལྷ་ཡུལ་ནས་ང་ལ་གཟིགས་བཞིན་ཡོད》ཅེས་པ་དང་ཞིང་གྲོང་གི་གུང་གསེང་ཞེས་པར་གྲོང་ཁྱེར་ནང་གི་བོད་རིགས་བྱིས་པའི་འཚར་ལོངས་ཀྱི་བརྒྱུད་རིམ་དུམ་བུ་བྲིས་ཡོད་དེ། རྒྱ་རིགས་དང་མི་རིགས་གཞན་གྱི་བྱིས་པ་ཚོ་དང་འདྲ་བར། མིག་སྔར་གྲོང་ཁྱེར་གྱི་བྱིས་པ་ཚོ་གྲོང་གསེབ་ཀྱི་འཚོ་བ་དང་རང་བྱུང་ཁམས་ཆེན་མོའི་བར་རིམ་བཞིན་བར་ཐག་ཇེ་རིང་ཇེ་རིང་དུ་འགྲོ་བཞིན་ཡོད་ཅིང་། བརྩེ་བའང་ཇེ་ཆུང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས། ཚེ་རིང་ནོར་བུས་རྐང་བཙུགས་ནས་བྱིས་པ་དེ་དག་དམིགས་བསལ་ཁོར་ཡུག་ནང་བཞག་པ་དང་། ཁོང་ཚོར་དོན་སྙིང་ཡོད་པའི་འཚོ་བའི་མྱོང་སྣང་མང་པོ་ཞིག་འཚོལ་དུ་བཅུག་ནས། བྱམས་བརྩེ་དང་མཛའ་མཐུན་གྱི་སེམས་གཤིས་སྐྱེ་རུ་བཅུག་ཡོད།
ཚེ་རིང་ནོར་བུའི་བྱིས་པའི་རྩོམ་རིག་ལ་ཁོང་གི་ལེགས་གྲུབ་བྱུང་བའི་དར་མའི་བརྩམས་སྒྲུང་དང་འདྲ་བར། བོད་མི་རིགས་ཀྱི་རིག་གནས་སྡིངས་ཤུགས་མངོན་གསལ་དོད་ཅིང་། ཞིབ་ཚགས་པའི་གཅེས་སེམས་དང་བསམ་ཤེས་དེ་ལོ་ཆུང་བྱིས་པ་ཚོའི་སེམས་ལ་སྤྲད་ཡོད། ཁོང་གིས་རང་ཉིད་ཀྱི་དད་སེམས་ལ་བརྟེན་ནས་འཚོ་བའི་ཁྲོད་དང་མི་སེམས་ཀྱི་ཟབ་སར་གནས་པའི་བྱིས་བློའི་བསམ་པ་བཙལ་ཞིང་། དེ་ལས་གལ་ཆེ་བ་ནི་ཀློག་རིན་ཡོད་པའི་བྱིས་པའི་གཏམ་རྒྱུད་དེ་དག་བརྒྱུད་ནས། གངས་ལྗོངས་ས་མཐོའི་དད་མོས་ལས་བྱུང་བའི་ལྷན་སྐྱེས་ཀྱི་ཤེས་རབ་བསྟན་ཡོད་པས། མི་སེམས་ལ་གཡོ་སྒུལ་ཆེན་པོ་སྦྱིན་ཡོང་། དེ་བཞིན་སྤུས་ལེགས་ཀྱི་བར་བཅུག་རི་མོ་དེ་དག་རྩོམ་གྱི་བརྗོད་དོན་དང་འཚམ་ཞིང་། མི་རྣམས་དེའི་དབྱིངས་སུ་ཚུད་ནས། མདོ་དབུས་མཐོ་སྒང་གི་བྱིས་བློ་དང་ཤེས་རབ། མཛེས་སྡུག་ཡོད་ཚད་ལ་ལོངས་སུ་སྤྱོད་བཞིན་མཆིས། །
ལོ་ཙཱ་བ་ངོ་སྤྲོད།
ནམ་མཁའ་བཀྲ་ཤིས། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན། བརྩམས་སྒྲུང་ཕྱོགས་བསྒྲིགས《གཟུགས་འགྱུར་བའི་སྒོ་ང》དང《ཆུ་བོ་ལོ་ཧི་ཏའི་འགྲམ་ངོགས》གཉིས། འགྱུར་དེབ《ངག་རྒྱུན》ཞེས་པ་པར་དུ་བཏབ། 《མི་རིགས་རྩོམ་རིག》དུས་དེབ་ཀྱི་ལོ་འཁོར་འགྱུར་རྩོམ་བྱ་དགའ་དང་། བོད་ཀྱི་དུས་རབས་གསར་པའི་རྩོམ་རིག་བྱ་དགའ།《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུས་དེབ་ཀྱི་ལོ་ཟུང་བརྩམས་སྒྲུང་བྱ་དགའ། 《ཟླ་ཟེར》དུས་དེབ་ཀྱི་ལོ་འཁོར་བརྩམས་སྒྲུང་བྱ་དགའ། གཞིས་ཀ་རྩེའི་ཡར་ཆབ་གཙང་པོའི་རྩོམ་རིག་སྒྱུ་རྩལ་བྱ་དགའ་སོགས་ཐོབ། ད་ལྟ་གཞིས་ཀ་རྩེ་རིག་རྩལ་ལྷན་ཚོགས་སུ་ལས་ཀ་གཉེར་བཞིན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注