《ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས》པར་སྐྲུན་འགྲེམ་སྤེལ་མཛད་སྒོ་དང་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས་པ།


     2023ལོའི་ཟླ8པའི་ཚེས28ཉིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པའི་པར་སྐྲུན་འགྲེམ་སྤེལ་དང་དཔྱད་གླེང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་སོ་ཧྥེ་ཐི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་འཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ་དང་བོད་ཀྱི་རིག་གནས་ཞིབ་འཇུག་པ་དང་སློབ་གཉེར་བ་སོགས་འགྲེམ་སྤེལ་ཚོགས་འདུར་ཞུགས་ཡོད།

     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། མཚོ་སྔོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་རྣམ་གཉིས་ཀྱིས་པར་སྐྲུན་འགྲེམ་སྤེལ་དབུ་འབྱེད་བྱས་པར་མ་ཟད་ཤིས་ཚིག་ཕུལ་བ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་བརྩམས་ཆོས་པར་སྐྲུན་གྱི་གསལ་བཤད་གནང་།

     《ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པ་འདི་ནི། རྩོམ་པ་པོ་ཁོང་གིས་ལོ་ངོ་བཞི་བཅུར་ཉེ་བའི་ནང་། བོད་ཀྱི་རིག་གནས་ལ་ཞིབ་འཇུག་དང་སློབ་གསོའི་ལས་དོན་གཉེར་པ། རྩོམ་རིག་གསར་རྩོམ་བྱས་པའི་འབྲས་བུ་ཕྱོགས་བསྡོམས་བགྱིས་པའི་རིག་གནས་ཐད་ཀྱི་ལས་གཞི་ཆེན་པོ་ཞིག་སྟེ། སྐད་བརྡ་རིག་པ་དང་སྐར་རྩིས་རིག་པ། སློབ་གསོ་རིག་པ། རྩོམ་རིག་བཅས་རིག་ཚན་མང་པོ་འདུ་ཞིང་། བརྩམས་ཆོས་སོ་སོའི་བརྗོད་བྱ་སྐྱོན་བྲལ་སྣ་མང་ཕུན་ཚོགས་ཡིན་ལ། རྗོད་བྱེད་མཛེས་ཤིང་དག་ལ་སྙན་དགུས་ཕྱུག་པས། རིག་གཞུང་རང་བཞིན་དང་ཤེས་བྱའི་རང་བཞིན། བེད་སྤྱོད་རང་བཞིན་ངེས་ཅན་ལྡན་པར་སྙམ་ལ། དུས་མཚུངས་སུ་བོད་ཀྱི་རིག་གནས་དང་རྩོམ་རིག སྐད་བརྡ། སྐར་རྩིས་སོགས་ལ་ཞིབ་འཇུག་བྱེད་མཁན་ཚོར་ཡང་རྒྱུ་ཆ་གལ་ཆེན་མང་པོ་མཁོ་སྤྲོད་བྱས་འདུག་པར་སེམས་པས། དཔེ་ཚོགས་འདིས་བོད་ཀྱི་རིག་གནས་མུ་མཐུད་དུ་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་རྒྱ་ཆེན་པོ་ཐོན་ཐུབ་པར་རེ་བ་དང་ཡིད་ཆེས་ཡོད།

     《ལྡོང་ཡོན་ཏན་རྒྱ་མཚོའི་བརྩམས་ཆོས་ཕྱོགས་བསྒྲིགས》འདི་ནི་ཁྱོན་བསྡོམས་པོད18ཀྱིས་གྲུབ་སྟེ། དེ་ལས་པོད་དང་པོ་དང་གཉིས་པ། གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། བཅུ་གཉིས་པ་བཅས་ནི་སོ་སོར《སུམ་རྟགས་དང་སྙན་གཞུང》《སྐར་ནག་རྩིས་གཞུང》《མངོན་བརྗོད་གཏམ་གྱི་རོལ་མཚོ》《མི་ཆོས་རིག་པའི་མེ་ལོང》(སྟོད་སྨད་ཆ)《བཤེས་སྤྲིངས་རྒྱས་བཤད་ཐར་འདོད་ལམ་ཡིག》《ནང་བསྟན་པ་ཞིག་གི་སྤང་བླང》《ཡང་དག་པའི་སློབ་གསོ་དང་སྒྲ་རིག་པ》《དེབ་དཀར་མཆན་འགྲེལ》སོགས་ཀྱི་སྐོར་ཡིན་ཏེ། པོད་འདི་དག་གི་ནང་དུ་རྩོམ་པ་པོས་རང་གི་སྐྱེས་ཐོབ་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལ་བརྟེན་ནས། བོད་ཀྱི་རིག་གནས་ལོ་རྒྱུས་ཐོག་གི་ཕུལ་བྱུང་བརྩམས་ཆོས་སྐོར་ཞིག་གསེད་བཀྲོལ་གནང་འདུག  ཁོང་གི་ཁྱད་མཚར་བའི་གསེད་བཀྲོལ་ཞིབ་མོ་ཡིས་ཀློག་མཁན་དག་ལ་མཚོན་ན་རྩོལ་བ་ཉུང་ཞིང་འགྲོས་མྱུར་མོས་ཕུལ་བྱུང་བརྩམས་ཆོས་དེ་དག་གི་རྩ་གནད་རྟོགས་ངེས་པའི་དུས་མཚུངས་སུ། བོད་ཀྱི་རིག་གནས་ཁྲོད་ཀྱི་སྤྱིར་བཏང་བའི་རིག་ཚན་ལའང་ཕྱོགས་ཡོངས་ནས་རྒྱུས་ལོན་ཐུབ་པའི་ཁྱད་ཆོས་རྫོགས་པ་ཡིན། དེ་བས་གསུང་པོད་འདི་དག་གི་ནང་མངོན་པའི་གསེད་བཀྲོལ་ཞིབ་མོ་དང་ངོ་སྤྲོད་རྒྱས་པ་ཡིས། བོད་ཀྱི་རིག་གནས་ལ་སྦྱོང་བ་བྱེད་མཁན་སུ་ཡིན་ཡང་ཡོན་ཚད་ཡར་ངོའི་ཟླ་ལྟར་འཕེལ་བར་རོགས་འདེགས་ཆེན་པོ་ཐེབས་ངེས་པ་གདོན་མི་ཟའོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号