ཤེས་བྱའི་རྣམ་གྲངས་ཐོར་བུ། དྲུག་པ།
སའི་ལེགས་དྲུག སྔར་བོད་རྒྱལ་བཅུ་བ་ཨེ་ཤོ་ལེགས་དང༌། བཅུ་གཅིག་པ་དེ་ཤོ་ལེགས། བཅུ་གཉིས་པ་ཐི་ཤོ་ལེགས། བཅུ་གསུམ་པ་གུ་རུ་ལེགས། བཅུ་བཞི་བ་འབྲོང་ཞེར་ལེགས། བཅོ་ལྔ་བ་ཨི་ཤོ་ལེགས་བཅས་རྒྱལ་རབས་དྲུག་པོ་སྤྱིའི་མིང༌།
རྒྱ་རིམ་པ་བདུན། ཚེག་གི་རྒྱ་དང༌། ཤད་ཀྱི་རྒྱ། ལེའུའི་རྒྱ། བམ་པོའི་རྒྱ།བམ་གྲངས་ཀྱི་རྒྱ། སྣེ་ཐིག་གི་རྒྱ། གདོང་ཡིག་གི་རྒྱའམ་སྤྱན་ཁྱེར་གྱི་རྒྱ་སྟེ་བདུན།
རྒྱུ་འབྲས་མན་ངག་བདུན། མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག སེམས་བསྐྱེད་དེ་བདུན་ནོ།།
ཉེ་བའི་རིན་ཆེན་བདུན། ཁང་བཟང་རིན་པོ་ཆེ་དང༌། མལ་ཆ་རིན་པོ་ཆེ། ལྷམ་རིན་པོ་ཆེ། རལ་གྲི་རིན་པོ་ཆེ། གོས་རིན་པོ་ཆེ། པགས་པ་རིན་པོ་ཆེ།ཚལ་རིན་པོ་ཆེ་དང་བདུན།
མཐོ་རིས་ཡོན་ཏན་བདུན། རིགས་བཟང་བའི་ཡོན་ཏན་དང༌། གཟུགས་མཛེས་པའི་ཡོན་ཏན། ཚེ་རིང་བའི་ཡོན་ཏན། ནད་མེད་པའི་ཡོན་ཏན། སྐལ་བ་བཟང་བའི་ཡོན་ཏན། ནོར་ཕྱུག་པའི་ཡོན་ཏན། ཤེས་རབ་ཆེ་བའི་ཡོན་ཏན་ཏེ་བདུན།
ནོར་བུ་ཆ་བདུན། རྒྱལ་པོའི་རྣ་ཆ་དང༌། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ། བྱུ་རུའི་སྡོང་བོ། གླང་ཆེན་ཆེ་བ། ནོར་བུའི་མིག་གསུམ་སྟེ་བདུན།
གནམ་གྱི་ཁྲི་བདུན།སྔར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་མུ་ཁྲི་དང༌། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཅས་བདུན་ལ་ཟེར།
འཕགས་ནོར་བདུན་པོ། དད་པའི་ནོར། ཚུལ་ཁྲིམས་གྱི་ནོར། ཐོས་པའི་ནོར། གཏོང་བའི་ནོར། ངོ་ཚ་ཤེས་བའི་ནོར། ཁྲེལ་ཡོད་ཀྱི་ནོར། ཤེས་རབ་ཀྱི་ནོར་བཅས་སོ།།
འཕྲུལ་བློན་མཛངས་མི་བདུན། པུ་དེ་གུང་རྒྱལ་སྐབས་ཀྱི་རུ་ལས་སྐྱེས་དང༌།ཨེ་ཤོ་ལེགས་སྐབས་ཀྱི་ལྷ་བུ་མགོ་དཀར། སྟག་རི་གཉན་གཟིགས་སྐབས་ཀྱི་ངོར་སྣང་བཙན་མང༌། སྲོང་བཙན་སྒམ་པོའི་སྐབས་ཀྱི་ཐུ་མི་སམ་བྷོ་ཊ་དང༌། གཉགས་ཁྲི་བཟང་ཡང་སྟོན།ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་འགོས་ཁྲི་བཟང་ཡབ་ལྷག་དང་སྟག་བཙན་གདོང་གཟིགས་བཅས་བློན་པོ་བདུན་གྱི་མིང༌།
བློ་རིག་བདུན། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ་གྱི་ཚད་མ། རྗེས་སུ་དཔག་པའི་ཚད་མ་རྣམས་སོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注