དམངས་སྲིད་པུའུ་སོགས་སྡེ་ཚན18ཀྱིས་དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་སྤྱད་དེ་དོ་སྣང་དང་བཞུར་ཚད་རག་མི་ཆོག་པར་བསྟན་པ།
ཚེས24ཉིན་གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་དམངས་སྲིད་པུའུ་སོགས་སྡེ་ཚན18ཀྱིས《དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལས་དོན་བྱ་ཐབས》མཉམ་འབྲེལ་ཐོག་པར་འགྲེམས་བྱས། བྱ་ཐབས་དེའི་ནང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དཀའ་ངལ་ཡོད་པའི་བྱིས་པ་ལ་ཤོག་བྱང་སྦྱར་མི་ཆོག་པ་དང་། དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་སྤྱད་དེ་དོ་སྣང་དང་བཞུར་ཚད་རག་མི་ཆོག་ལ། དཀའ་ངལ་ཡོད་པའི་བྱིས་པ་མི་སྒེར་གྱི་ཆ་འཕྲིན་སྤྱད་དེ་ཞལ་འདེབས་བསྡུ་རུབ་དང་ཐད་གཏོང་ཕྱིར་ཚོང་སོགས་བྱས་མི་ཆོག་པར་བསྟན་ཡོད།
བྱ་ཐབས་ལས། དཀའ་ངལ་ཡོད་པའི་བྱིས་པ་མི་སྒེར་གྱི་ཆ་འཕྲིན་ཞེས་པ་ནི་ཤོག་བུ་དང་། གློག་རྒྱུའམ་ཡང་ན་བྱེད་སྟངས་གཞན་དག་གི་ཐོག་ནས་ཐོ་འགོད་བྱས་པའི་ཁེར་རྐྱང་ངམ་ཡང་ན་ཆ་འཕྲིན་གཞན་དག་དང་ཟུང་འབྲེལ་བྱས་ནས། དཀའ་ངལ་ཡོད་པའི་བྱིས་པ་དབྱེ་འབྱེད་བྱེད་ཐུབ་པའི་ཆ་འཕྲིན་སྣ་ཚོགས་ལ་ཟེར། དེར་མི་མིང་གཞན་སྒྱུར་ཅན་གྱི་བཟོ་བཅོས་བྱས་རྗེས་ཀྱི་ཆ་འཕྲིན་ཚུད་མེད། འབྲེལ་ཡོད་སྡེ་ཁག་ཁག་གིས་བསྡུ་རུབ་དང་གསོག་འཇོག བཀོལ་སྤྱོད། ལས་སྣོན། བརྒྱུད་སྤེལ། འདོན་སྤྲོད། ཁྱབ་བསྒྲགས། བསུབ་པ་སོགས་ཀྱི་བྱ་ཐབས་བརྒྱུད་དཀའ་ངལ་ཡོད་པའི་བྱིས་པ་མི་སྒེར་གྱི་ཆ་འཕྲིན་བཟོ་བཅོས་བྱེད་པ་དང་། “སུས་གཙོ་གཉེར་དང་། སུས་འགན་འཁུར་པ། སུས་ཐག་གཅོད་དང་། སུས་འགན་འཁུར་པའི”རྩ་དོན་བརྩི་སྲུང་བྱེད་དགོས་པར་མ་ཟད། བཅའ་ཁྲིམས་ལྟར་སྲུང་སྐྱོང་བྱེད་ཐབས་ནན་མོ་སྤྱོད་དགོས་པ་གསལ་བོར་བསྟན་ཡོད།
བྱ་ཐབས་ནང་། དྲ་རྒྱའི་ཆ་འཕྲིན་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་བསྒྲུབས་ནས། དྲ་རྒྱ་གཉེར་སྐྱོང་བྱེད་མཁན་ལ་དྲ་རྒྱའི་ཆ་འཕྲིན་གསེད་འདེམས་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པའི་མཛུབ་ཁྲིད་བྱས་ཏེ། དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་བྱས་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བྱ་ཐབས་ནུས་ལྡན་སྤྱད་དེ་ཡོ་བསྲང་བྱེད་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཐག་གཅོད་འོས་འཚམ་བྱེད་དགོས་པ་གཏན་ཁེལ་བྱས་ཡོད།
དམངས་སྲིད་སྡེ་ཚན་གྱིས་སྤྱི་ཚོགས་རོགས་སྐྱོབ་དང་། དགེ་སྒྲུབ་རོགས་སྐྱོར། གཅེས་སྐྱོང་ཞབས་ཞུ་བཅས་སྒྲིག་འཛུགས་ལག་བསྟར་བྱེད་སྐབས། དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། བྱིས་པའི་ཕན་བདེའི་སྒྲིག་གཞི་དང་། ལོ་ན་མ་སོན་པའི་རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞི། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་དེའི་ལས་དོན་མི་སྣ། དེ་བཞིན་བྱིས་པའི་ལྟ་སྐུལ་པ། བྱིས་པའི་ཀྲུའུ་རེན་སོགས་ཀྱིས་ཆ་འཕྲིན་སྲུང་སྐྱོང་གི་འདུ་ཤེས་མཐོ་རུ་གཏོང་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་དགོས།
བཟོ་ཚོགས་རིམ་པ་ཁག་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པ་སོགས་ཀྱིས་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་དང་བྱིས་པར་གཅེས་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་སྐབས་དཀའ་ངལ་ཡོད་པའི་བྱིས་པ་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་དགོས་ན། བྱེད་སྒོ་སྤེལ་བར་དགོས་ངེས་ཀྱི་ཚད་གཞི་དང་ཁྱབ་ཁོངས་ཆེས་ཆུང་ཤོས་ལ་ཚོད་འཛིན་བྱེད་དགོས་པར་མ་ཟད། དེ་དང་བསྟུན་པའི་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས།
བྱ་ཐབས་ནང་། ད་དུང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལོ་བཅུ་བཞི་མ་ལོན་པའི་དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་སྐབས་བྱིས་པའི་ཕ་མ་སམ་ཡང་ན་ལྟ་སྐྱོང་པ་གཞན་དག་གི་མོས་མཐུན་ཐོབ་དགོས་པ་མ་ཟད། སྲུང་སྐྱོང་བྱེད་ཐབས་ནན་མོ་སྤྱོད་དགོས། ལོ་བཅུ་བཞི་ལ་སོན་པའི་དཀའ་ངལ་ཡོད་པའི་བྱིས་པའི་མི་སྒེར་གྱི་ཆ་འཕྲིན་སོགས་འབྲེལ་ཡོད་ཆ་འཕྲིན་ཐག་གཅོད་བྱེད་སྐབས། ཁྲིམས་ལྟར་དཀའ་ངལ་ཡོད་པའི་བྱིས་པའི་མོས་མཐུན་ཐོབ་དགོས་པ་མ་ཟད། བྱེད་ཐབས་གསལ་པོ་ཞིག་གི་ཐོག་ནས་དེའི་ཕ་མ་སམ་ཡང་ན་ལྟ་སྐྱོང་པ་གཞན་དག་ལ་བཤད་དགོས་པའི་བླང་བྱ་བཏོན་ཡོད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注