རྨང་གཞིའི་སློབ་གསོ་གླེང་བ།


དང་པོ།

   སློབ་གསོ་ནི་སྲོག་ལྡན་སྤྱི་དང་འགྲོ་བ་མི་ཐུན་མོང་གི་ཡང་དག་པའི་ཀུན་སྤྱོད་དང་ཤེས་ཡོན་ལ་རེ་སྙེག་བྱེད་པའི་འབྱུང་རྩ་ཡིན། དེ་བས་སློབ་གསོའི་ལམ་ལུགས་མེད་པའི་མི་ལ་འཆར་གཞི་དང་ཡར་རྒྱས། མདུན་སྐྱོད། གྲུབ་འབྲས་སོགས་མི་རིགས་ཀྱི་དགོས་མཁོ་སྐོང་བའི་ནུས་པ་རྩ་བ་ནས་མེད་ཅེས་བཤད་ཆོག་པར་འདོད། དུས་རབས་ཉི་ཤུ་བའི་དུས་སྨད་ཙམ་ལ་བོད་དུ་ཡི་གེ་འབྲི་ཀློག་གི་སློབ་གསོའི་དཔྱིད་མགོ་ཚུགས་པ་ནས་བཟུང་གྲྭ་བཙུན་མང་ཆེ་བ་དང་སྐུ་དྲག་དཔོན་རིགས་ཙམ་ལས་བྱིངས་ལ་ཡི་གེ་སློབ་པའི་ཁོར་ཡུག་མ་བསྐྲུན་པས་ལན་པ་རེད། གལ་ཏེ་སྐབས་དེའམ་དེའི་གོང་ནས་དམངས་ཡོངས་ལ་ཡི་གེ་སློབ་པའི་ཁོར་ཡུག་ཡོད་པ་ཡིན་ན་ད་ལྟའི་སྐད་ཡིག་གི་སྐྱེ་འཆིའི་འཇིག་ཉེན་འདི་གཏན་ནས་འབྱུང་མི་སྲིད།


གཉིས་པ།

   བསམ་བློའི་སློབ་གསོ་དང་ཤེས་ཡོན་གྱི་སློབ་གསོ་གཉིས་ཀྱི་འབྱུང་ཁུངས་ནི་སྒྲིག་ཁྲིམས་སློབ་གསོའི་མ་ལག་ཡིན་པར་འདོད། བྱིས་པ་ཚོར་མཚོན་ན་ཐོག་མའི་ཆ་ལ་གཏན་ཚིགས་དང་སློབ་བརྩོན་ཀུན་སྤྱོད་སོགས་རང་ཤུགས་སུ་མི་ཡོང་བས་སྒྲིག་ཁྲིམས་ལ་བརྟེན་ནས་ཀུན་སྤྱོད་བཟང་བོ་སྣ་ཚོགས་ལ་གོམས་གཤིས་ཆགས་སུ་བཅུག་པ་དེ་ནི་བཙན་ཤེད་རང་བཞིན་ལྡན་པ་ཞིག་ཡིན་རུང་། བྱ་རིམ་དེ་བརྒྱུད་ནས་རང་རྟོགས་ཡོད་པའི་ཀུན་སྤྱོད་བཟང་བོ་དང་མིའི་འཚོ་བའི་ལམ་ཁ་མི་ནོར་བའི་སྤོབས་པ་ངང་གིས་རྙེད་པ་རེད། དེར་མ་བརྟེན་པར་རང་སྒེར་གང་རུང་དུ་འགྲོ་རུ་བཅུག་པ་ནི་ལས་ལ་མི་བརྩོན་པ་དང་འཆར་གཞི་དང་རང་ལུགས་གང་ཡང་མེད་པའི་གསོ་ཕག་ལྟ་བུ་ཡིན་པས་མིའི་རིགས་ལ་ཞབས་འདེགས་ཞུ་མི་ནུས་པ་དང་བྱ་བའི་ལས་གང་ཡང་གཉེར་བའི་ཐབས་ལམ་དང་ཁ་ཕྱོགས་བྲལ་བར་འདོད།


གསུམ་པ།

   དགེ་རྒན་དང་སློབ་མ། སློབ་ཁྲིད་གསུམ་ནི་ཁལ་འགེལ་མཁན་དང་དགལ་བྱའི་དངོས་པོ། འགེལ་སའི་ཁལ་མ་ལྟ་བུ་ཡིན་པར་དཔེ་བཞག་ན་ཁལ་འགེལ་མཁན་གྱིས་ཁལ་མའི་ཤེད་ཤུགས་ཆེ་ཆུང་ལ་བསམ་བློ་བཏང་ནས་དགལ་བྱའི་དངོས་པོ་དེ་བཀལ་དགོས་པ་ལས། སློབ་མའི་ནུས་པ་དང་བློ་རིག་གི་རྩལ་ནུས་ལ་མི་བལྟ་བར་རང་སྣང་གང་དྲན་བྱས་ཏེ་ཉི་མ་རེ་རེར་བྲིས་མི་ཚར་བའི་ལས་བྱ་དང་ཀློག་མི་ནུས་པའི་བློ་འཛིན་དག་བཀོད་སྒྲིག་བྱེད་པའི་མཇུག་འབྲས་ནི་དཀའ་ཁག་དང་དུས་འདའ་བར་བྱེད་པ་ཙམ་ལས་མེད་པས། ཐོབ་འབྲས་ཡག་པོ་ཞིག་དགོས་ན་ངེས་པར་དུ་སྣ་འཛོམས་རང་བཞིན་གྱི་ཁོར་ཡུག་ལེགས་པོ་ཞིག་གྲུབ་མིན་ལ་རག་ལས་ཤིང་། ཁོར་ཡུག་ལེགས་པོ་ཞིག་འགྲུབ་མིན་ནི་འཐུས་སྒོ་ཚང་བའི་སློབ་སྟོན་གྱི་འབད་བརྩོན་ལ་རག་ལས་པར་འདོད།


བཞི་བ།

   གལ་ཏེ་དགེ་རྒན་གསར་བ་ཞིག་ལ་མཚོན་ན་སློབ་ཐུན་རེ་རེར་སྤྱི་དང་བྱེ་བྲག་གི་ནང་དོན་གསལ་བོ་ཞིག་སློབ་ཕྲུག་ཚོའི་མདུན་ལམ་དུ་བཤམས་དགོས་ན། སློབ་ཁྲིད་གྲ་སྒྲིག་ལ་འབྲེལ་ཡོད་ཀྱི་དཔེ་ཆར་ལྟ་བ་དང་བྱ་བའི་དགོས་མཁོ་ལྟར་མི་སྣ་མང་བོར་རྒྱུས་ལོན་བྱ་དགོས་སྙམ། དེ་འདྲ་མ་ཡིན་པར་སློབ་ཁང་ནང་ཐོན་རག་བར་ཁྲིད་གཞིའི་ཁ་བྱང་ཙམ་ལའང་འདང་མི་རྒྱག་པ་ཞིག་གིས་ཤེས་ཚད་ལྷུག་པོར་འཆད་ཀྱང་མང་ཆེ་བར་སློབ་ཁྲིད་དེས་སློབ་མ་ཚོར་ལོ་བཞི་ཅན་གྱི་བྱིས་པ་ཞིག་ཧ་ཅང་རྒྱ་ཆེ་བའི་ཐང་སྟོང་དུ་འཁྱམས་པ་ལྟ་བུའི་ཟློས་གར་ཞིག་འཁྲབ་སྟོན་བྱེད་དུ་བཅུག་པ་ལས་མ་འདས་སོ།།


ལྔ་བ།

   སློབ་གསོའི་ཐབས་ལམ་ཁྲིད་སྟོན་མཁན་ནི་དགེ་རྒན་ཡིན་པས། དགེ་རྒན་དེ་ཡང་བསླབ་གཞི་རུ་ཡོད་པའི་ནང་དོན་རྣམས་སློབ་མར་ཁྲིད་ཤེས་པ་ཙམ་གྱིས་མི་ཆོག་པར་ལྷག་བསམ་དང་བརྩོན་འགྲུས་ལྡན་པ། ད་དུང་འཛིན་གྲྭ་གཅིག་ལ་མཚོན་ན་ཡང་སློབ་མ་ཚོའི་ཆུ་ཚད་མཐོ་དམན་བར་གསུམ་གྱི་ཁྲོད་དུ་གང་ལ་གང་འགྲིག་པའི་ཁྲིད་སྟངས་དོན་སླ་བ་དང་བསྡུས་པ། རྒྱས་པ་བཅས་རིགས་གསུམ་དུ་དབྱེ་བར་བྱས་ནས་དང་པོ་ཡི་གེ་སྦྱོར་ཀློག་ནས་བཟུང་སྒྲ་དག་གསལ་གསུམ་ཚང་བའི་སྒོ་ནས་ཁྲིད་སྟོན་དང་། ཉིན་རྒྱུན་དུ་ལས་བྱའི་ནོར་བ་རྣམས་བཅོས་ནས་ངོ་སྤྲོད་གཙོ་བོར་བཟུང་སྟེ་རིམ་བཞིན་དུ་སྦྱང་བྱ་གང་ཡིན་ལ་སྐབས་དོན་མཚོན་བྱེད་ཀྱི་དཔེ་དང་དོན་ངེས་པའི་སྒྲུབ་བྱེད། ཡིད་ཆེས་པའི་ལུང་རིགས། གཉིད་རྨུགས་སེལ་བའི་མཚར་གཏམ། བློ་སྒོ་འབྱེད་པའི་དྲི་བ་དྲིས་ལན། དོགས་སློང་སེལ་བའི་དཔྱད་བརྗོད་སོགས་ཀྱི་ཆ་རྐྱེན་དག་དགེ་རྒན་གྱིས་ཀྱང་སློབ་ཁྲིད་སྔོན་སྦྱོང་གི་གྲ་སྒྲིག་ཁྲོད་རྒྱུན་དུ་རང་ནུས་གང་ཡོད་རེ་བཏོན་ནས་སློབ་མའི་བློ་སྦྱོང་གི་ནུས་རྩལ་མཐོ་རུ་གཏོང་བ་དང་། ཁོ་ཚོའི་བསམ་བློ་དང་ཀུན་སྤྱོད་ལེགས་པོ་གསོ་སྦྱོང་བྱེད་པའི་ལས་ལ་ཐ་ན་སློབ་ཐུན་གཅིག་ཀྱང་མི་འདོར་བར་ལས་ཀ་གང་ཞིག་ལས་ཀྱང་སེམས་སུ་གཅེས་པར་འཛིན་རྒྱུ་གལ་ཆེ་བར་སེམས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号