སློབ་ཆུང་སློབ་མའི་ནར་སོན་གོ་རིམ་ཁྲོད་ཀྱི་སྤྱི་ཚོགས་སློབ་གསོ།
སློབ་ཆུང་སློབ་མའི་ནར་སོན་གྱི་གོ་རིམ་ཁྲོད་དུ། སྤྱི་ཚོགས་སློབ་གསོ་ནི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ནི་ཕྱོགས་སྟོན་འཁོར་ལོ་དང་འདྲ་བར། བྱིས་པ་རྣམས་ཀྱིས་འཇིག་རྟེན་ལ་ཤེས་རྟོགས་དང་སྤྱི་ཚོགས་སྒྲིག་སྲོལ་ལ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱེད་ཀྱིན་པར་མ་ཟད། དེ་ནས་རིམ་བཞིན་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ་ཆགས་བཞིན་ཡོད། སློབ་ཆུང་སློབ་མའི་སྤྱི་ཚོགས་སློབ་གསོ་ལ་གོམ་པ་རིམ་བགྲོད་ཀྱི་གོ་རིམ་ཞིག་ཡོད་ལ། བློ་འབྱེད་ཤེས་རྟོགས་དང་རྒྱུས་ལོན་ཇེ་ཟབ། ལག་ལེན་བེད་སྤྱོད་བཅས་གོ་རིམ་གསུམ་ཡོད། གོ་རིམ་རེ་རེ་ལ་དམིགས་བསལ་གྱི་འོས་འགན་དང་དམིགས་ཡུལ་ཡོད།ཉེ་འགྲམ་གྱི་སྤྱི་ཚོགས་ཁོར་ཡུག་ངོས་ཟིན་པ། སློབ་ཆུང་སློབ་མ་སློབ་གྲྭར་གོམ་པ་སྤོས་པ་ནས་བཟུང་། སློབ་རའི་སྤྱི་ཚོགས་ཆུང་ངུ་ལ་འབྲེལ་འདྲིས་བྱེད་པ་རེད། སློབ་རའི་ནང་གི་སློབ་ཁང་དང་ལུས་རྩལ་ར་བ། དཔེ་མཛོད་ཁང་སོགས་ནི་ཁོ་ཚོས་ཐོག་མར་ངོ་ཤེས་པའི་སྤྱི་ཚོགས་ཀྱི་བར་སྟོང་ཡིན། དུས་རིམ་འདི་ལ། སློབ་རའི་ནང་དུ་ལྟ་སྐོར་བྱེད་པའི་བྱ་འགུལ་བརྒྱུད་དེ། དགེ་རྒན་རྣམས་ཀྱིས་སློབ་མར་ཚོགས་ར་རེ་རེ་ཡི་ནུས་པ་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱེད་དགོས། དཔེར་ན། སློབ་ཁང་ནི་ཤེས་བྱ་སློབ་པའི་གནས་དང་ལུས་རྩལ་ར་བ་ནི་ལུས་ཕུང་སྦྱོང་བརྡར་དང་ལུས་རྩལ་བྱ་འགུལ་སྤེལ་ས། དཔེ་མཛོད་ཁང་ནི་ཤེས་བྱའི་བང་མཛོད་ཡིན་པ་སོགས་ལྟ་བུ། སློབ་ར་ལས་གཞན་ད་དུང་། ཁྱིམ་ཚང་ཡོད་སའི་སྡེ་ཁུལ་ཡང་བྱིས་པ་རྣམས་ཀྱིས་སྤྱི་ཚོགས་ལ་ཤེས་རྟོགས་བྱེད་སའི་གནས་གལ་ཆེན་ཞིག་ཡིན། ཁྱིམ་བདག་གིས་གཟའ་མཇུག་གི་ཁོམ་སྐབས་བེད་སྤྱད་དེ། བྱིས་པ་ཁྲིད་ནས་སྡེ་ཁུལ་ལ་འཆམ་འཆམ་དུ་འགྲོ་བ་དང་། སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་སྤྱི་གླིང་། སྨན་ཁང་། ཉེན་རྟོག་ཅུས་སོགས་ཀྱི་སྒྲིག་བཀོད་ངོ་ཤེས་སུ་འཇུག་པ་དང་། བྱིས་པར་ཚོགས་ར་དང་ལས་ཁུངས་འདི་དག་གི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་བྱེད་ནུས་བཤད་དགོས། དཔེར་ན། སྒོ་རྩིས་ཚོང་ཁང་ནི་ཚང་མར་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་ས་དང་སྤྱི་གླིང་ནི་མི་རྣམས་སྤྲོ་འཆམ་བྱེད་ས། སྨན་ཁང་ནི་མི་རྣམས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་ས། ཉེན་རྟོག་ཅུས་ནི་སྡེ་ཁུལ་གྱི་བདེ་འཇགས་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་ས། འདི་ལྟ་བུའི་ཐད་ཀའི་ཚོར་བའི་མྱོང་བ་བརྒྱུད་ན། བྱིས་པ་རྣམས་ཀྱིས་ཉེ་འགྲམ་གྱི་སྤྱི་ཚོགས་ཁོར་ཡུག་ལ་ཐོག་མའི་ངོས་ཟིན་རྙེད་པ་དང་། སྤྱི་ཚོགས་ནི་བྱེད་ནུས་མི་འདྲ་བའི་གྲུབ་ཆས་གྲུབ་པ་དང་། གྲུབ་ཆ་སོ་སོ་ཕན་ཚུན་ལ་འབྲེལ་ནས་མཉམ་དུ་མི་རྣམས་ཀྱི་འཚོ་བར་ཞབས་ཞུ་སྒྲུབ་བཞིན་པ་ཤེས་ཐུབ།སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆར་རྒྱུས་ལོན་བྱེད་པ། བློ་འབྱེད་ཤེས་རྟོགས་ཀྱི་དུས་རིམ་དུ། བྱིས་པ་རྣམས་ལ་སྤྱི་ཚོགས་ཀྱི་གྲུབ་ཆ་དང་འགན་འཁྲི་མི་འདྲ་བར་རྒྱུས་ལོན་བྱེད་དུ་བཅུག་ན། ཁོ་ཚོས་སྤྱི་ཚོགས་ཀྱི་འཁོར་སྐྱོད་སྒྲིག་སྲོལ་ལ་རྒྱུས་ལོན་བྱེད་པར་རོགས་འདེགས་བྱེད་ཐུབ། སློབ་གྲྭ་ནས་དགེ་རྒན་གྱིས་གྲུབ་ཆ་མི་འདྲ་བ་འཁྲབ་སྟོན་བྱེད་པའི་རོལ་རྩེད་བརྒྱུད་དེ། བྱིས་པ་རྣམས་ལ་ལས་རིགས་སོ་སོ་མྱོང་རོལ་བྱེད་དུ་འཇུག་དགོས། དཔེར་ན། སྨན་པ་དང་། ཉེན་རྟོག་པ། མེ་གསོད་མི་སྣ། དགེ་རྒན་སོགས་ལྟ་བུ། རོལ་རྩེད་ཀྱི་ཁྲོད་དུ། བྱིས་པ་རྣམས་ལ་འབྲེལ་ཡོད་ཀྱི་ལྭ་བ་གྱོན་ནས་ལས་རིགས་འདི་དག་གི་མི་སྣའི་བྱ་བའི་ལྗོངས་ཁུལ་དང་བྱ་སྤྱོད་ལ་ལད་ཟློས་བྱེད་དུ་བཅུག་སྟེ། ཁོ་ཚོའི་བྱ་བའི་ནང་དོན་དང་འགན་འཁྲི་ཤེས་སུ་འཇུག་དགོས། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། ཁྱིམ་བདག་གིས་བྱིས་པར་ཉེ་འགྲམ་གྱི་མི་ལ་ལྟ་ཞིབ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ལས་རིགས་སོ་སོའི་ཁྱད་ཆོས་ཤེས་སུ་འཇུག་དགོས། དཔེར་ན། ཟོག་སྐྱེལ་མཁན་གྱིས་བྲེལ་འཚུབ་ཀྱིས་དངོས་པོ་སྐྱེལ་བཞིན་པ་མཐོང་ན། ཟོག་སྐྱེལ་མཁན་གྱི་བྱ་བ་ནི་མི་རྣམས་ཀྱིས་ཉོས་པའི་དངོས་པོ་དུས་ཐོག་ཏུ་འབྱོར་དུ་འཇུག་པ་དང་། ཁོར་ཡུག་གཙང་སྦྲའི་ལས་བཟོ་པ་མཐོང་ན། ཁོ་ཚོས་དཀའ་སྡུག་གིས་ངལ་རྩོལ་བྱས་ནས་ང་ཚོའི་གྲོང་ཁྱེར་གྱི་གཙང་སྦྲ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་སོགས་བྱིས་པར་བརྗོད་ཆོག བྱེ་བྲག་གི་དཔེ་མཚོན་བརྒྱུད་དེ། བྱིས་པ་རྣམས་ལ་སྤྱི་ཚོགས་ཀྱི་གྲུབ་ཆ་ལ་ཐོག་མར་ངོས་ཟིན་རྙེད་པར་བྱེད་པ་དང་། མི་རེ་རེ་ལ་སྤྱི་ཚོགས་ཁྲོད་རང་རང་གི་འགན་འཁྲི་དང་ལས་རིགས་ཡོད་པ་དང་། གྲུབ་ཆ་འདི་དག་གིས་མཉམ་དུ་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་གྲུབ་པ་ཤེས་སུ་འཇུག་དགོས།སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཤེས་སུ་འཇུག་པ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་ནི་སྤྱི་ཚོགས་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་བྱེད་པའི་འགན་སྲུང་ཡིན། བློ་འབྱེད་དུས་རིམ་དུ། བྱིས་པར་ཐོག་མར་སྤྱི་ཚོགས་སྒྲིག་སྲོལ་གྱི་གལ་ཆེན་རང་བཞིན་ཤེས་སུ་འཇུག་དགོས། སློབ་གྲྭ་ནས་དགེ་རྒན་གྱིས་སློབ་མར་སྒྲིག་སྲོལ་ལམ་ལུགས་སྣ་ཚོགས་ངོ་སྤྲོད་བྱེད་དགོས། དཔེར་ན། དུས་ལྟར་སློབ་གྲྭ་འགྲོ་བ་དང་། སློབ་ཁྲིད་ཀྱི་སྒྲིག་ལམ་སྲུང་བ། སྤྱི་བའི་དངོས་པོ་ལ་སྲུང་སྐྱོབ་བྱེད་པ་སོགས་ལྟ་བུ། དུས་རྒྱུན་གྱི་སློབ་གསོ་དང་ཁྲིད་སྟོན་བརྒྱུད་དེ། བྱིས་པ་རྣམས་ལ་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས་པའི་གལ་ཆེན་རང་བཞིན་ཤེས་སུ་འཇུག་དགོས། དཔེར་ན། སློབ་ཁྲིད་སྐབས་སུ། གལ་ཏེ་ཚང་མས་སྒྲིག་ལམ་བརྩི་སྲུང་མ་བྱས་པར། གང་འདོད་དུ་ཁ་བརྡ་དང་རྩེད་འཇོར་གཡེང་ན་རྒྱུན་ལྡན་ལྟར་སློབ་སྦྱོང་བྱེད་མི་ཐུབ་པ་དང་། སློབ་རའི་ནང་དུ། སྤྱི་པའི་དངོས་པོར་གཅེས་སྤྲས་མི་བྱེད་པར་ཅོག་ཙེ་དང་འདུག་སྟེགས། གྱང་ངོས་སོགས་ལ་གཏོར་སྐྱོན་བཟོ་བ་སོགས་བྱས་ཚེ། ཚང་མའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་པ། ཁྱིམ་ཚང་དུ། ཁྱིམ་བདག་གིས་ཀྱང་སྟབས་བདེ་བའི་ཁྱིམ་ཚང་སྒྲིག་སྲོལ་གཏན་འབེབས་བྱས་ཆོག དཔེར་ན། དུས་ལྟར་ངལ་གསོ་བ་དང་། རང་གི་རྩེད་ཆས་དང་དཔེ་ཆར་དོ་དམ་བྱེད་པ་སོགས་ལྟ་བུ། ཁྱིམ་ཚང་འཚོ་བའི་ཁྲོད་དུ་བྱིས་པ་རྣམས་ལ་སྒྲིག་སྲོལ་བརྩི་སྲུང་བྱེད་པའི་གོམས་སྲོལ་ཆགས་སུ་འཇུག་དགོས། དུས་མཚུངས་སུ། ཁྱིམ་བདག་གིས་རང་དཔེ་གཞན་སྟོན་གྱིས་སྤྱི་ཚོགས་སྒྲིག་སྲོལ་སྲུང་དགོས། དཔེར་ན། སྤྱི་པའི་ཁོར་ཡུག་ནས་འགྲིམ་འགྲུལ་སྒྲིག་སྲོལ་སྲུང་བ་དང་། སྐད་ཅོར་མི་རྒྱག་པ་སོགས་ལྟ་བུ། བྱིས་པར་དཔེ་སྟོན་ལེགས་པོ་བྱེད་དགོས། སློབ་གྲྭ་དང་ཁྱིམ་ཚང་གི་མཉམ་འདུས་སློབ་གསོ་བརྒྱུད་དེ། བྱིས་པར་སྤྱི་ཚོགས་སྒྲིག་སྲོལ་ལ་ཐོག་མའི་ངོས་ཟིན་དང་ཚོར་བ་ཡོད་ལ། རིམ་བཞིན་སྤྱི་ཚོགས་འཚོ་བའི་ཁྲོད་སྒྲིག་སྲོལ་ངེས་ཅན་བརྩི་སྲུང་བྱེད་དགོས་པ་ཤེས་ཚེ། ད་གཟོད་འཚོ་བར་གོ་རིམ་ལྡན་པ་འགན་སྲུང་བྱེད་ཐུབ།སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་ཁོང་དུ་ཆུད་པ། སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་ནི་སྤྱི་ཚོགས་རིག་གནས་ཀྱི་སྲོག་ཤིང་ཡིན་ལ། མི་རེ་རེ་ཡི་བྱ་སྤྱོད་དང་བསམ་བློ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱུས་ལོན་གཏིང་ཟབ་བྱེད་པའི་དུས་རིམ་དུ། བྱིས་པར་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་ཤེས་སུ་འཇུག་པ་ནི་སྤྱི་ཚོགས་སློབ་གསོའི་འགན་འཁྲི་གཙོ་བོ་ཡིན། སློབ་གྲྭས་ཀུན་སྤྱོད་སློབ་གསོའི་སློབ་ཁྲིད་དང་སློབ་རའི་རིག་གནས་བྱ་འགུལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་མར་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱེད་ཆོག དཔེར་ན། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་སོགས་ལྟ་བུ། དཔེར་ན། ཀུན་སྤྱོད་སློབ་ཁྲིད་ཁྲོད། དགེ་རྒན་གྱིས་ལོ་རྒྱུས་གཏམ་རྒྱུད་དང་དཔའ་བོའི་ལོ་རྒྱུས་སོགས་བརྗོད་དེ། སློབ་མ་རྣམས་ལ་རྒྱལ་གཅེས་སྙིང་སྟོབས་ཀྱི་ནང་དོན་ཤེས་སུ་འཇུག་པ། སློབ་མ་རྩ་འཛུགས་བྱས་ནས་སློབ་རའི་ངལ་རྩོལ་ལ་ཞུགས་སུ་བཅུག་ནས། སློབ་མའི་ལས་བཀུར་སྙིང་སྟོབས་དང་འགན་འཁྲིའི་འདུ་ཤེས་གསོ་སྐྱོང་བྱེད་པ། ཡིད་རྟོན་བརྗོད་དོན་ཡིན་པའི་འཛིན་གྲྭའི་ཚོགས་འདུ་འཚོགས་ཏེ། ཡང་དག་པའི་ཡིད་རྟོན་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་དང་། ཡིད་རྟོན་ནི་མི་གཞིའི་རྩ་བ་ཡིན་པ་ཤེས་སུ་འཇུག་དགོས། ཁྱིམ་ཚང་དུ། ཁྱིམ་བདག་གི་ངག་སློབ་དཔེ་སྟོན་གྱིས་བྱིས་པས་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་ཁོང་དུ་ཆུད་པར་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཁྱིམ་བདག་གིས་རང་གི་བྱ་སྤྱོད་ལ་མཉམ་འཇོག་དང་། དངོས་ཡོད་བྱ་སྤྱོད་ཀྱིས་བྱིས་པར་ཡང་དག་པའི་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱེད་དགོས། དཔེར་ན། ཁྱིམ་བདག་གིས་བྱ་བར་ནན་ཏན་སྒོས་འགན་འཁུར་བ་དང་ལས་བཀུར་སྐྱེས་འབུལ་བྱས་ཏེ། བྱིས་པར་ལས་བཀུར་གྱི་སྙིང་སྟོབས་ཚོར་དུ་འཇུག་པ། ཁྱིམ་བདག་གིས་མི་གཞན་ལ་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད། ཡིད་རྟོན་དང་མཛའ་མཐུན་བྱས་ན། བྱིས་པར་བག་ཆགས་རིམ་འགྱུར་གྱིས་ཤུགས་རྐྱེན་ཐེབས་ཏེ། མི་གཞན་ལ་བརྩི་བཀུར་དང་མཛའ་བརྩེ་བཅངས་དགོས་པ་ཤེས་ཐུབ། སློབ་གྲྭ་དང་ཁྱིམ་ཚང་གི་མཐུན་སྦྱོར་སློབ་གསོ་བརྒྱུད་དེ། བྱིས་པ་རྣམས་ཀྱིས་རིམ་བཞིན་སྤྱི་ཚོགས་རིན་ཐང་ལྟ་བའི་བདེན་པ་ཁོང་དུ་ཆུད་ཐུབ་པར་མ་ཟད། དེ་ཉིད་རང་གི་བྱ་སྤྱོད་དང་བསམ་བློའི་ཁྲོད་མཉམ་འདྲེས་བྱ་ཐུབ་བོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注