ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་ཕ་མའི་སྒོ་གསུམ་གྱི་སྐོར་གླེང་བ།ཕུན་ཚོགས་བཀྲ་ཤིས། གཞིས་རྩེ་མཐོ་རིམ་སློབ་འབྲིང་དང་པོ།
ཁྱིམ་ཚང་སློབ་གསོ་དང་འབྲེལ་བའི་ཕ་མའི་སྒོ་གསུམ་གྱི་སྐོར་གླེང་བ།
ཕུན་ཚོགས་བཀྲ་ཤིས། གཞིས་རྩེ་མཐོ་རིམ་སློབ་འབྲིང་དང་པོ།
གཞོན་ནུ་དར་ན་རྒྱལ་ཁབ་དར་ཞེས་པ་དེས་གཞོན་ནུའི་གལ་ཆེའི་རང་བཞིན་མཚོན་པས་ན། ནུས་མེད་མདོ་མེད་ཀྱི་གཞོན་ནུས་ཅི་བྱ། དེས་ན། འཇོན་ནུས་ལྡན་པའི་གཞོན་ནུ་གསོ་སྐྱོང་བྱེད་དགོས་ན། བྱིས་པའི་དུས་ནས་སྦྱོང་བརྡར་བྱེད་དགོས་ཏེ། 《ཁ་ཆེ་ཕ་ལུ》ལས“ལྕང་གསར་གཞོན་དུས་འདྲོང་ན་འདྲོངས་པ་རེད། །ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན། །”ཞེས་པའི་གསོན་ཉམས་དང་ལྡན་པའི་དཔེ་ལྟར། ཆུང་བྱིས་པའི་དུས་ཀྱི་སེམས་ཁམས་ལ་འགྱུར་བ་གཏོང་སླ་བས་མི་གཤིས་གསོ་བདེ་བ་ཡིན། དེས་ན་དྭངས་གཙང་གི་བྱིས་བློ་ནི་བུམ་པ་དང་འདྲ་ལ་དེའང་སྟོང་ཆ་མང་བའི་སྣོད་ཅིག་དང་འདྲ་བར་དངོས་པོ་གཞན་འགེངས་པའི་སྐབས་མང་བ་ལྟར་ཡིན། དེ་ལྟར་ལོ་ཚོད་ཇི་ཙམ་ཕྲ་ན་དེ་ཙམ་གྱིས་སློབ་གསོའི་ཕན་ནུས་ལེགས་པར་ཐོན་པར་བརྟེན། འདིར་གཙོ་བོ་ཁྱིམ་ཚང་སློབ་གསོ་དམིགས་སུ་བཀར་ཏེ་གླེང་བྱ་ཉག་ཅིག་ཏུ་བྱ་བ་སྟེ། སློབ་གྲྭ་ཐོག་མ་ནི་ཁྱིམ་ཚང་དང་དགེ་རྒན་དང་པོ་ནི་ཕ་མ་རེད་ཅེས་གསུངས་པ་ལ་རྒྱུ་མཚན་ཡོད།
གཅིག ཁྱིམ་ཚང་སློབ་གསོའི་ངོས་འཛིན།
སྤྱིར་ན་གཞན་གྱི་བུ་ཕྲུག་གསོ་བ་དང་སྐྱོང་སྟངས་ནི་བློ་མཛངས་པའི་ལས་དང་གཞན་ཕན་ལྷག་བསམ་དཀར་བའི་ལས་ཡིན་མོད། འོན་ཏེ་ཐོག་མར་རང་ཉིད་ཀྱི་བུ་ཕྲུག་ཙམ་ཡང་སྐྱོང་མ་ཤེས་ན། དེ་ནི་བཞད་གད་སློང་བའི་གཞིར་འགྱུར། དེས་ན་རང་ཉིད་ཀྱི་བུ་ཕྲུག་ཀྱང་སྐྱོང་ཐབས་ལ་མི་མཁས་ན། གཞན་གྱི་བུ་ཕྲུག་ཇི་ལྟར་སྐྱོང་ཤེས། བྱ་བ་གང་བྱས་ཀྱང་ཁེ་གྱོང་གི་རྩིས་ཁྲ་མ་ལོག་པ་གལ་ཤིན་ཏུ་ཆེ་སྟེ། 《ཁ་ཆེ་ཕ་ལུ》ལས་ཀྱང“ཁེ་གྱོང་སྙིང་ལ་བཞག་ནས་འགྲོགས་ལུགས་དང་། །”ཞེས་གསུངས་པ་སོགས་ལས་ཤེས་ནུས་ཤིང་། སློབ་ཆུང་ཙམ་དུ་མ་ཟད་ནམ་རྒྱུན་ཁྱིམ་ཚང་སློབ་གསོ་བསྟེན་པ་དང་དེའི་བསྟེན་ཚུལ་ཤེས་དགོས་ཤིང་། ཕ་མས་ཕྲུ་གུར་ཤ་ཚ་ཤེས་དགོས་པ་གལ་ཆེ་ཞིང་། ལྷག་པར་དེང་གི་དུས་ན་ཕ་མ་ཁ་ཤས་ལས་ཀར་བྲེལ་བའི་རྐྱེན་གྱིས། ཕྲུ་གུ་དང་མཉམ་གཤིབས་མ་ཐུབ་པའི་གནོང་འགྱོད་དམ་ཡང་ན་ཤ་ཚ་ཆེ་མདོག་གིས་ཕྲུ་གུའི་ཡིད་ཀྱི་འདོད་པ་ཚང་མ་དངུལ་ལོར་གྱིས་སྐོང་ཐབས་བྱེད་པའི་ཚུལ་དེས། རྗེས་སོར་ཕྲུ་གུ་དག་སྐྱག་ལངས་སུ་ཤོར་ཏེ་དཀའ་ངལ་ལ་སྐྲག་པའམ་དཀའ་ངལ་གང་བྱུང་ཐམས་ཅད་ཕ་མའི་མགོ་ལ་དཀྲི་གང་ཐུབ་བྱེད་པའི་ངན་གོམས་ཤིག་ཆགས་སྲིད་ལ། ཡང་དེ་ལས་ལྡོག་སྟེ་ཕྲུ་གུའི་འདོད་པ་རྩ་བ་ནས་མ་སྐོང་བའམ་ཕྲུ་གུ་དང་རྒྱབ་འགལ་དུ་གྱུར་ཚེ། དེའང་ཐལ་ཆ་ཆེ་དྲགས་པས་ལེགས་པར་མ་མཐོང་ཞིང་། ཁྱིམ་ཚང་སློབ་གསོའི་ནུས་པ་ཐོན་པའང་དཀའ་བ་ཡིན། ཐབས་ཞི་དྲག་གང་བྱས་ཚང་མ་ཚད་དང་རན་པར་དགོས་ལ། མ་གཞི་ནས་ཁྱིམ་ཚང་སློབ་གསོ་ནི་སྤྲོ་སྣང་རང་བཞིན་ལྡན་པ་ཞིག་ཡིན་འོས།
མི་རིགས་ཀྱི་རེ་བ་དང་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་ནི་ལོ་ཆུང་བྱིས་པ་ཡིན་ཞིང་དོན་ལའང་མ་འོངས་པའི་དོ་བདག་ཁོ་ན་ཡིན་པས་ཕ་ནོར་ལག་ཏུ་བཅོལ་ས་མ་ནོར་བ་བྱེད་དགོས། ལྷག་པར་དུས་རབས་གསར་པའི་དུས་ནི། ཤེས་རིག་དང་འཇོན་ཐང་ཁོ་ནའི་གར་སྟེགས་ཀྱི་འགག་རྩའི་དུས་ཤིག་ཡིན་པར་བརྟེན། བྱིས་པ་གཞོན་ནུ་ལེགས་ན་མ་འོངས་པའི་རེ་བ་བཟང་བ་ལོས་ཡིན། དེས་ན། མ་འོངས་པར་ཕ་མ་ཁྱིམ་ཚང་དང་སྤྱི་ཚོགས་ཧྲིལ་པོའི་ཁུར་བཟོད་ཇེ་ཡང་དུ་གཏོང་ཆེད་དང་། བུ་ཕྲུག་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པའི་རྒྱུར་འགྱུར་བའི་འགལ་རྐྱེན་དག་སྤངས་ཤིང་མཐུན་རྐྱེན་དག་འཛོམས་པའི་ལས་ལ་ད་ལྟ་ནས་འབད་འབུངས་བྱེད་དགོས་ལ། དེའང་བྱེ་བྲག་ཏུ་ཁྱིམ་ཚང་སློབ་གསོ་ནས་འགོ་ཚུགས་དགོས་ཤིང་། རིག་གནས་སྦྱོང་བ་དང་ལྷག་པར་རང་རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེ་བའི་སེམས་ཀྱི་རྒྱགས་ཕྱེ་དག་ནི། ངེས་པར་ཁྱིམ་ཚང་སློབ་གསོ་ནས་འགོ་ཚུགས་དགོས་པའི་ངེས་ཤེས་ཕ་མས་རང་རྒྱུད་ལ་གང་མྱུར་འདྲོངས་གང་ཐུབ་བྱེད་དགོས་པ་ནི། མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཀྱང་རེད།
གཉིས། ཕ་མའི་སྒོ་གསུམ་གྱི་བྱ་སྤྱོད་གླེང་བ།
དེ་ཡང《ཁྱིམ་ཚང་སློབ་གསོ་རྩེར་སོན》ཞེས་པ་ལས“ཕ་མས་རང་ཉིད་རྒྱུན་དུ་གང་ཅིར་ཚད་ལྡན་དང་ལེགས་པོ་བྱེད་པ་ནི། ཕྲུ་གུ་ཚོའི་བསླབ་གཞིའི་སློབ་དེབ་ཡག་ཤོས་ཤིག་རེད”ཅེས་པ་དང་ཡང་ཁ་རྒྱུན་དུ“བཟའ་ལུགས་སྡོད་ལུགས་འགྲོ་ལུགས་གསུམ། །དྲིན་ཆེན་ཕ་མའི་བསླབ་བྱ་ཡིན། །”ཞེས་སོགས་ཀྱི་དོན་མདོར་དྲིལ་ན། ཕ་མ་རང་ཉིད་ཀྱི་སྒོ་གསུམ་གྱི་ཐོག་ནས་རྣག་ཐོག་གཙག་འཁེལ་དང་ལྡན་པའི་བསླབ་བྱ་བཅུད་དང་ལྡན་པ་ཞིག་བསྟེན་དགོས་པ་དོན་གྱི་སྙིང་པོར་བསྟན་ཡོད། དེ་ཡང་ཁ་ཡི་བཤད་པ་བརྒྱ་ལས་ལུས་ཀྱི་དཔེ་སྟོན་གཅིག་དགའ་བ་ཡིན་ཞིང་། ལྷག་པར་དེང་གི་ཕྲུ་གུ་དག་ནི་མཐོང་ཐོས་མང་བའི་རྐྱེན་སོགས་ཀྱིས། ཕ་མའི་འགྲོ་འདུག་སྤྱོད་གསུམ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་མིག་དཔེ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེ་བར་གྱུར་ཡོད་པས། དོན་དེ་རེ་རེ་བཞིན་གླེང་བར་བྱའོ། །
1.ལུས་ཀྱི་བྱ་སྤྱོད་སྐོར།
ཕ་མའི་སྒོ་གསུམ་ལས་ལུས་ཀྱི་བྱ་སྤྱོད། ཡ་རབས་གུས་ཞབས་ཕྱོགས་ཀྱི་རྣམ་པ་ནི་ཕྲུ་གུར་དགོས་པའི་མིག་དཔེ་བཟང་པོ་ཞིག་སྟེ། དཔེར་ན། ཕ་མ་རང་ཉིད་ཀྱིས་སྤོ་རྨོ་རྒན་གྲས་རྣམས་ལ་བརྩི་མཐོང་དང་གུས་ཞབས་བྱེད་པ་ནི། དོན་དུ་ཕ་མ་རང་ཉིད་ལ་རྗེས་སོར་ཕྲུ་གུས་བརྩི་བཀུར་བྱེད་པའི་མ་རྩ་ཡག་ཤོས་དེ་རེད། དེའི་རྒྱུ་མཚན་ནི། དཔེར་ན་ལྡོག་ཕྱོགས་ནས་དཔེ་ཞིག་བླངས་ཚེ། རང་གི་བྱ་བྱེད་ངན་པས་ཕྲུ་གུའི་ཡིད་ལ་བག་ཆགས་བརྟན་པོ་བཞག་སྟེ། རྗེས་སོར་ཕྲུ་གུ་དག་ནར་སོན་པའི་ཚེ། སྔར་གྱི་བག་ཆགས་ངན་པས་སོས་བཏབ་སྟེ། གོམས་གཤིས་ངན་པ་ནི་ཟོ་ཆུན་འཁོར་བ་བཞིན་རྒྱུན་འབྱམས་སུ་ཁྱབ་སྟེ་ངན་དགུ་ཡི་འབྱུང་རྐྱེན་ཞིག་ཏུ་གྲུབ། དེས་ན། ཕ་མའི་ལུས་ཀྱི་བྱེད་ཕྱོགས་གཙོ་བོ་ནི། ཡ་རབས་གུས་ཞབས་ཕྱོགས་ལ་ནན་ཏན་དུ་འབད་དགོས་པ་བཅས་རྒྱས་པར་མ་སྤྲོས།
2.ངག་གི་སྨྲ་བརྗོད་སྐོར།
ཕ་མའི་སྒོ་གསུམ་ལས་ཕྲུ་གུའི་མིག་དཔེའི་ནུས་པ་ཆེ་ཤོས་ཤིག་ནི། ངག་གི་སྨྲ་བརྗོད་ཀྱི་རྣམ་འགྱུར་ཡིན་པ་སུས་ཀྱང་ཤེས་མོད་དེ་ཚུལ་ལག་ལེན་དུ་འཁྱོལ་མཁན་མང་པོ་མེད། ཐོག་མར་ངག་གི་སྨྲ་བརྗོད་དག་པར་བརྗོད་པས། ཕྲུ་གུར་ཆུང་དུས་ནས་བཟུང་སྐད་ཆའི་ཚིག་འབྲུ་དག་གསལ་བར་ཤོད་པའི་གོམས་གཤིས་ལེགས་པོ་ཆགས་ཐུབ། དེ་རྗེས་ངག་གི་བརྗོད་ཚུལ་གྱི་རྣམ་འགྱུར་དང་གང་སྨྲ་བར་བྱ་བའི་དོན་ལ། ངེས་པར་སེམས་དགོས་པ་འདི་འདྲ་སྟེ། ཁྱིམ་བདག་གིས་རྒྱུན་དུ་ཕྲུ་གུའི་མིག་མདུན་དག་ཏུ། ཞེ་སའི་སྐད་ཆ་མང་ཙམ་སྤྱོད་དགོས། དེས་ཕྲུ་གུས་རིམ་བཞིན་སྐད་ཆའི་ཞེ་ཚིག་སྤྱོད་ཤེས་པར་འགྱུར་བས། ཕྲུ་གུའི་གཤིས་རྒྱུད་གང་ཅིར་ཕན་ཐོགས་མི་དམན་པ་ཞིག་དངོས་ཤུགས་གང་ཐད་ནས་ཐོབ་པ་ཞིག་ཡིན། གཞན་ཡང་ཕ་མ་དག་གིས་ཞེ་ཚིག་སྤྱོད་པ་ཙམ་གྱིས་གང་ནས་འཐུས། གཙོ་བོ་ནི་སྐད་ཆའི་རྣམ་འགྱུར་དག་ལ་ཡིད་གཟབ་དགོས་ཏེ། རང་ཉིད་ང་རྒྱལ་སོགས་ཀྱིས་རྒྱུད་བརླམ་པའི་རྐྱེན་གྱིས། མི་གཞན་དག་ལ་སྨ་འབེབས་ཀྱི་ཚིག་རྩུབ་བརྗོད་པ་སོགས་ནི། བྱིས་པས་མིག་དཔེ་བལྟ་སའི་དཔེ་མཚོན་གསོན་པོ་ཞིག་ཏུ་འགྱུར་བའི་ཕྱིར། དེ་བཞིན་དུ་ཁོང་ཁྲོའི་དབང་གིས་བརྗོད་པའི་ཚིག་རྩུབ་དང་། འདོད་ཆགས་ཀྱི་དབང་གིས་བརྗོད་པའི་ཆགས་སྲེད་ཀྱི་ཚིག གཏི་མུག་གི་དབང་གིས་བརྗོད་པའི་བླང་དོར་གོ་ལོག་པའི་འཆལ་གཏམ་སོགས་བསམ་ཚད་དྲན་ཚད་དག་ཕྲུ་གུའི་མདུན་དུ་ཤོད་རྐྱང་བྱེད་པ་ནི། ཕུང་དཀྲོལ་གྱི་རྒྱུར་འགྱུར་བས་ཅིས་ཀྱང་ནན་ཏན་དུ་བྱ་འོས།
3.ཡིད་ཀྱི་འཁྱེར་སོའི་སྐོར།
ཁྱིམ་བདག་རང་གི་ཀུན་སློང་མ་འཁྲུགས་པར་བདེ་བར་གནས་ཐབས་དང་དེ་རྗེས་གཞན་ལ་གནོད་འདོད་པའི་བསམ་འཁྱེར་ངན་པ་སྤང་གང་ཐུབ་བྱེད་དགོས་པ་ནི། བསམ་པ་ཡིད་ཀྱི་འཁྱེར་སོའི་མ་མཐའི་ཆ་རྐྱེན་དང་སྔོན་འགྲོ་ཡིན། དེའི་ཐོག་ཏུ་ཀུན་སློང་རྣམ་པར་དག་པར་བཅོས་ཏེ་གཞན་ཕན་གྱི་བསམ་བློའི་ནུས་པ་སྐྱེད་སྲིང་གང་ཐུབ་བྱེད་པ་ནི། བསམ་པ་ཡིད་ཀྱི་རྩེར་སོན་པའི་དམ་པའི་སྤྱོད་ཚུལ་ཉག་གཅིག་ཡིན་ལ། ཕྲུ་གུའི་སློབ་གསོའམ་ཁྱིམ་ཚང་སློབ་གསོའི་རྩ་བའང་འདི་རང་ཡིན་ཏེ།《མངོན་པ་མཛོད》ལས། “སེམས་བྱུང་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །”ཞེས་གསུངས་པ་ལྟར་ལུས་ངག་གི་ལས་ཡོད་དོ་ཅོག་ནི། སེམས་ཀྱི་བཀོད་པའི་ཁ་ལོ་གང་བསྒྱུར་ཡིན་པས་ན། ཡིད་གཞུང་བཟང་དང་ལྡན་ན་ལུས་ངག་ལས་ཀྱང་རང་བཞིན་གྱིས་ལེགས་པར་འབྱུང་བ་ཡིན་པས། གཙོ་བོ་ཀུན་སློང་བཅོས་པ་འདི་ནི་བྱ་བྱེད་ཡོངས་ཀྱི་གནད་དམ་པར་འགྱུར་རོ། །
མཇུག་བསྡུ་བ།
གོང་སྨྲས་ལྟར་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་ཤིན་ཏུ་གལ་ཆེ་ཡང་། རྒྱུན་དུ་ཁྱིམ་བདག་དང་ལྷག་པར་ཕ་མ་དག་གིས་དེར་དོ་སྣང་མི་བྱེད་པའམ་ཡང་ན་དོ་སྣང་བྱེད་པ་ཉུང་དྲགས་པ། ཐ་ན་ཤེས་ཀྱང་ལག་བསྟར་མི་བྱེད་པའམ་ལག་བསྟར་མི་ཐུབ་པ་ཅི་རིགས་ཀྱིས། གང་ལྟར་བྱིས་པ་རྣམས་ཀྱི་སློབ་གསོའི་དུས་བཟང་དེ་ལྟར་བསྟོངས་དང་སྟོང་བཞིན་པ་རེད། མདོར་ན་ཕ་མས་ལུས་ངག་ཡིད་གསུམ་གྱི་ཐོག་ནས། གུས་བཀུར་བྱེད་ལུགས། ཡར་ཐོན་གྱི་བརྩོན་སེམས། བྱམས་བརྩེའི་ཁྱིམ་ཚང་བཅས་ཀྱི་དཔལ་ཡོན་ལྡན་པའི་ཁོར་ཡུག་ཅིག་གསར་བསྐྲུན་བྱེད་རྒྱུ་ནི་འཇིག་རྟེན་འདིའི་ཐོག་གི་ཡ་མཚན་ཆེ་ཤོས་ཀྱི་སློབ་གསོའི་དཔེ་དེབ་གསོན་པོ་ཞིག་དང་ཆེས་བཟང་བའི་དགེ་རྒན་ཞིག་ཀྱང་ཡིན་ལ། ཕ་མའི་ཤ་ཚ་ཞེས་པའང་དོན་ལ་དེ་འདྲ་ཞིག་ཡིན་དགོས་རྒྱུ་རེད་སྙམ་མོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注