བསླབ་བྱ་དང་ལེགས་བཤད་ཀྱི་སློབ་གསོའི་རིན་ཐང་རགས་ཙམ་གླེང་བ།
རྩོམ་པ་པོ། : དར་འབུམ་རྒྱལ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ།
དེ་ཡང《བོད་ཀྱི་རྩོམ་རིག་ལོ་རྒྱུས》ལས། "ལེགས་བཤད་དང་བསླབ་བྱ་གཉིས་ཀྱི་ཁྱད་པར་ཡང་རྩོམ་རིག་གི་བསྟན་བཅོས་མང་པོར། བསླབ་བྱ་ཡིན་ན་བརྗོད་བྱ་གཙོ་བོ་དམ་པའི་ལྷ་ཆོས་ལ་སྦྱོར་བ་སྟེ་ཆོས་ཕྱོགས་སུ་གཞོལ་ཆེ་ཞིང་། ལེགས་བཤད་ཀྱི་བརྗོད་བྱ་སྤྱིར་བཏང་དུ་འཇིག་རྟེན་མི་ཆོས་ལ་སྦྱོར་བ་ཤས་ཆེ"ཞེས་བརྗོད་པ་དང་། ཡང་ན་ལེགས་བཤད་ནི་སྤྱིར་འཇིག་རྟེན་གྱི་ལུགས་སྟོན་ལ། བསླབ་བྱ་ནི་བྱེ་བྲག་གི་མཐོ་ས་ཞིག་ནས་དམའ་ས་ཞིག་ལ་སློབ་གསོ་གཏོང་བའི་རང་བཞིན་ཡོད་པར་གསལ་ཁ་བྱས་ཡོད་མོད། བརྩམས་ཆོས་དག་ལ་མཇལ་ན་སྐབས་རེར་དེའི་ཁྱད་ཆོས་ཡོད་མོད། ཡང་སྐབས་ལན་རེར་ཁྱད་ཆོས་དེ་བཤད་དཀའ་མོ་རེད། གལ་ཏེ་བོད་ཀྱི་འཐུས་ཚབ་རང་བཞིན་གྱི་ལེགས་བཤད《ས་སྐྱ་ལེགས་བཤད》དང་། བསླབ་བྱ་ལ《གུང་ཐང་སློབ་གཉེར་བསླབ་བྱ》ལྟ་བུར་མཚོན་ན་གོང་གི་སྡོམ་ཚིག་དེ་བདེན་གཏམ་ལྟ་བུར་སྣང་མོད། སྤྱིར་བཏང་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཁྲོད་འདི་གཉིས་ཀའི་ཡང་དག་གི་དབྱེ་བ་ཞིག་འབྱེད་དཀའ་ཙམ་འདུག སྐབས་སྐབས་སུ་གདམས་པ་དང་གྲོས་འདེབས་པ་སོགས་ཀྱི་ཚིག་བཀོལ་ཡོད། བརྗོད་བྱའི་ཆ་ནས་ཀྱང་དཔེར་ན《གུང་ཐང་སློབ་གཉེར་བསླབ་བྱ》དང《བསླབ་བྱ་ནོར་བུའི་ཕྲེང་བ》ལ་སོགས་དམིགས་བསལ་བ་འགའ་ལས་གཞན་དག་ལ་རྩོམ་ལུས་རང་གི་ཁྱད་ཆོས་སོགས་དམིགས་སུ་བཤད་དཀའ་སྙམ། དེ་ལྟར་ནའང་དེ་དག་ཀུན་ལ་གཅིག་གྱུར་གྱི་ཁྱད་ཆོས་སམ་འདྲ་བའི་ཆ་ཅུང་ཟད་ཀྱང་མེད་པ་མིན་ཏེ། གཅིག ལེགས་ཉེས་བླང་དོར་སོགས་ཀུན་སྤྱོད་སོགས་ཀྱི་ངོས་ནས་བརྩམས། གཉིས། བསླབ་བྱ་དང་ལེགས་བཤད་ཀྱི་བརྗོད་བྱ་གསར་དུ་རང་གི་འདོད་པ་ལྟར་འགྲེལ་མི་རུང་། གསུམ། བརྩམས་ཆོས་གང་དེའི་བརྗོད་སྙིང་ཧ་ཅང་ཁ་གསལ་ཡིན།
གཅིག ཏུན་ཧོང་ཁྲོད་ཀྱི་བསླབ་བྱ་དང་ལེགས་བཤད་འགའ་གཞིར་འཛིན་པ།
སྤུ་རྒྱལ་སྐབས་ཀྱི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་བསླབ་བྱ་དང་ལེགས་བཤད་ཀྱི་སྐོར་རྣམས་མགོ་རྔ་གཉིས་རལ་འདུག་ལ། དཀྱིལ་དུའང་ཡི་གེ་མི་གསལ་ས་དང་མེད་ས་སོགས་ཡོད། དེ་དག་ལ་དོན་ཚན་གྱི་དབྱེ་བ་གསལ་པོ་ཞིག་མེད་མོད། ཅུང་ཟད་ཆ་ཚང་བ་དག་གི་ནང་དོན་གཞིར་བཟུང་ན། དཔེར་ན་སྡིག་སྤོང་དགེ་སྒྲུབ་བྱེད་པར་གདམས་པ་སྟེ།"ལེགས་རྒུ་བྱས་ན་དཔལ་དུ་སྐྱེ། །ཉེས་རྒུ་བྱས་ན་བྱུར་དུ་གྱུར། །འདི་གཉིས་གང་བྱ་ཞིབ་ཏུ་བརྟོགས། །ཤི་བ་ཡང་དག་ཐར་བ་མེད། །"ཅེས་པ་ལྟ་བུ་དང་། གཞན"འཆི་བའི་དུས་ན་བཙན་ཉེན་མྱེད། །སྐྱེ་དགུ་ཀུང(ཀུན)ཡང་གཅིག་མི་ཐར། །གསོན་གྱི་ཚེ་ན་ལེགས་མ་བྱས། །ཤི་བའི་འོག་ཏུ་ཞར་མ་རུང་། །འདི་དག་གང་བྱ་ཞིབ་ཏུ་བརྟོགས། །"ཞེས་ལེགས་བཤད་ཤོ་ལོ་ཀ་འདི་གཉིས་ཀྱི་ནང་དུ་སྡིག་སྤོང་དགེ་སྒྲུབ་བྱེད་པར་བསྐུལ་ཡོད་ལ། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱིའི་ལྟ་བ་སྤྱད་ཡོད་ཅིང་། དེ་བརྒྱུད་ནས་ལས་འབྲས་སྨྲ་བའི་བསམ་བློ་ཁྱབ་བསྒྲགས་བྱས་ཡོད།
གཞན་ཏུན་ཧོང་གཏེར་ཡིག་ཏུ་ཕ་མ་ལ་སྲི་ཞུ་བྱེད་དགོས་པར་གདམས་པའི་བསླབ་བྱ་ཚན་པ་ཞིག་སྟེ།"ཕ་མྱེད་ན་ནི་མྱི་སྐྱེ་འོ། །མ་མྱེད་ན་ནི་མྱི་སོས་སོ། །མས་བུ་གསོས་ཤིན་ཏུ་དཀའ། །ཐོག་མ་ཆགས་ནས་ཉམས་མྱི་བདེ། །མ་བྱུང་བར་དུ་ཉོན་རེ་མོངས། །ཟླ་གྲངས་ཚངས་ནས་བྱེ་བྲག་ཕྱེད། །ལུག་བསད་ཤ་གཞི་འོ་དང་འདྲ། །གཡས་གཡོན་ཀུན་ཀྱང་ཁྲག་འིས་གང་། །ན་ཚ་མྱི་བཟད་ཤི་ལ་ཐུག །གཤེར་གྲང་མལ་དུ་བུ་སྡུག་བསྙལ། །སྐམ་དྲོ་མལ་དུ་བུ་སྡུག་བསྙལ། །མ་སྙིང་རྟག་ཏུ་བུ་ལ་ཆགས། །"ཞེས་པ་སྟེ། བསླབ་བྱ་འདིའི་ནང་དུ་ཨ་མས་བུ་མངལ་དུ་ཁུར་བ་ནས་བུ་གསོ་བ་དང་བུ་སྐྱོང་བའི་གོ་རིམ་ཁྲོད་ཀྱི་དཀའ་ངལ་སྣ་ཚོགས་དང་། ད་དུང་བུ་དང་བུ་མོར་བྱམས་སྐྱོང་ཇི་ལྟར་བྱས་པའི་ཉམས་འགྱུར་སོགས་གསོན་ཉམས་ལྡན་པའི་སྒོ་ནས་བྲིས་ཡོད་པ་དང་། མི་རྣམས་ལ་ཕ་མར་སྲི་ཞུ་བྱེད་པ་ནི་འབྱོལ་མི་རུང་བ་ཞིག་ཡིན་པར་གདམས་ཡོད་ལ། དེ་ཡང་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་ལྟ་བ་གཞིར་བཟུང་ནས་འབྲི་བརྗོད་བྱས་ཡོད་པས་ཕྱིས་ཀྱི་བསླབ་བྱ་དང་ལེགས་བཤད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། རྣམ་པ་དང་སྒྲིག་གཞིའི་ཆ་ནས་བལྟས་ན་ཚིག་རྐང་བཞི་ཅན་དང་། ལྔ་ཅན། དྲུག་ཅན་གྱིས་ལེགས་བཤད་ཚན་པ་གཅིག་གྲུབ་པ་སོགས་སྣ་ཚོགས་ཤིག་ཡོད་ཀྱང་། དེ་དག་ཚང་མ་ཚིག་རྐང་རེ་ཚེག་བར་བདུན་ཅན་གྱི་ལེགས་བཤད་ཤ་སྟག་ཡིན་པ་དང་། དེར་གནས་ལུགས་དྲང་བོར་བརྗོད་པ་ཤས་ཆེ་བ། ནང་དོན་གསལ་ལ་གོ་སླ་བ། ཚིག་སྦྱོར་ཀྱང་ཤིན་ཏུ་བབ་ཆགས་པས། ལེགས་བཤད་འདི་དག་རྩོམ་རྩལ་ཁྱད་དུ་འཕགས་ལ་སྙན་འཇེབས་ཡིད་དུ་འོང་བའི་རྩོམ་རིག་བརྩམས་ཆོས་ཤིག་ཏུ་བགྲང་དཀའ་མོད། འོན་ཀྱང་འདིར་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱའི་ལྟ་བ་བརྗོད་ཡོད་དེ། ལེགས་ཉེས་བླང་དོར་གསལ་པོར་བསྟན་ཡོད་པར་གཞིགས་ན་སྐབས་འདིའི་སྤྱི་ཚོགས་ཀྱི་སྣང་ཚུལ་ནི་ཕ་མར་སྲི་ཞུ་དང་གཞོན་པར་བརྩི་མཐོང་། སྡིག་སྤོང་དགེ་སྒྲུབ་བྱེད་པ། བཀའ་ཁྲིམས་གཙིགས་སུ་འཛིན་ཞིང་གྲོགས་པོ་མི་བསླུ་བ། སློབ་སྦྱོང་ལ་དགའ་ཞིང་དམ་པའི་ལྷ་ཆོས་ལ་དད་དགོས་པའི་སློབ་གསོའི་ནུས་པ་བླ་ལྷག་ཅིག་སྟེར་བས། ཕྱིས་ཀྱི་རྩོམ་པ་པོ་དང་ཕྱི་རབས་པ་རྣམས་ཀྱིས་ལེགས་བཤད་དང་བསླབ་བྱ་རྩོམ་པའི་དཔེ་ལྟ་ས་ལྟ་བུར་གྱུར་ཡོད་པ་དང་ལེགས་ཉེས་འབྱེད་པའི་རིན་ཐང་ངེས་ཅན་ཞིག་ཡོད་པ་སྨྲས་མ་དགོས་སོ། །
གཉིས། བོད་སིལ་བུའི་སྐབས་ཀྱི་བསླབ་བྱ་དང་ལེགས་བཤད་འགའ་གཞིར་འཛིན་པ།
བོད་སིལ་བུའི་དུས་སྐབས་ཀྱི་ཆོས་སྲིད་གཉིས་ཆར་གྱི་མཁས་པའི་དབང་བོ་ས་པཎ་གྱིས་བརྩམས་པའི《ས་སྐྱ་ལེགས་བཤད》ལས་མི་སུ་དང་སུ་ཞིག་ཡིན་རུང་འཆད་ཤེས་སྒྲུབ་ཤེས་བྱ་དགོས་ཚུལ་དང་། དམ་པ་རྣམས་ལ་བརྟེན་དགོས་ཚུལ། རང་དགར་གཞན་ལ་ཡིད་ཆེས་བྱ་མི་རུང་ཚུལ། རང་ཉིད་གང་ལ་མི་དགའ་བ་དེ་གཞན་ལའང་མི་སྤྱོད་པ་དང་། སྐྱོན་ཆུང་དུས་སྤོང་དགོས་ཚུལ་སོགས་གདམས་ཡོད་པར་མ་ཟད། མགོ་སྐོར་བསླུ་བྲིད་ཀྱི་བྱ་སྤྱོད་ལ་སུན་འབྱིན་ཡང་བྱས་ཡོད་པ་དང་། སྤྱི་ཚོགས་འཚོ་བ་ནི་ཁྲ་ཁྲ་རིག་རིག་ཡིན་པས་བཟང་ངན་ཡག་བཙོག་ཐམས་ཅད་མཉམ་དུ་གནས་ལ། མི་དང་མིའི་བར་གྱི་འབྲེལ་བའང་སྣ་མང་རྙོག་འཛིང་ཞིག་ཡིན། ཁོང་ནི་མཐོང་རྒྱ་ཆེ་ཞིང་སྤྱི་ཚོགས་ཁྲོད་ཀྱི་རིམ་པ་མི་འདྲ་བའི་མི་རྣམས་ལ་འབྲེལ་འདྲིས་བྱས་མྱོང་ལ། དོན་དག་སྣ་ཚོགས་བརྒྱུད་མྱོང་བ་ཞིག་ཡིན་པར་བརྟེན། ལེགས་བཤད་འདི་རུ་མི་ཆོས་ཀུན་སྤྱོད་ཀྱི་སྐོར་རྒྱ་ཆེ་ཞིང་སྣ་འཛོམས་པ་ཞིག་བྲིས་ཡོད། དཔེར་ན།"སྡུག་བསྔལ་རྒྱ་མཚོའི་སྣོད་གྱུར་བ། །ལུས་འདི་དགྲ་དང་འདྲ་མོད་ཀྱི། །བློ་དང་ལྡན་པས་འཁོལ་ཤེས་ན། །འདི་ལ་བསོད་ནམས་རྟེན་དུ་རུང་། །"ཞེས་པ་བཞིན་མི་ཚེ་ནི་སྡུག་བསྔལ་རྒྱ་མཚོ་ལྟ་བུ་ཡིན་པ་དང་། དེ་ལ་མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ་དང་། འདོད་པ་ལ་ཆོག་མི་ཤེས་པའི་སྡུག་བསྔལ། ཤི་ན་མེད་དེ་མི་འགྲོ་བར་རྫ་མཁན་གྱི་འཕང་ལོའམ། ཟོ་ཆུན་གྱི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་འཁོར་བའི་གནས་རིས་ལས་འདའ་མི་ཐུབ་པ་བསྟན་མོད། འོན་ཀྱང་མི་ལུས་འདི་ལ་སྙིང་བོ་བླངས་ནས་དགེ་བའི་ལས་སུ་འབད་ན་འདི་ཕྱི་ཀུན་ལ་བདེ་སྐྱིད་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས་ལུགས་ཟབ་མོ་བསྟན་ཡོད་པ་དང་། གཞན"གནོད་པ་བྱ་ཕྱིར་དགྲ་འཇོམས་ན། །ཁྱོད་ཀྱིས་ཁྲོ་བ་ཁོ་ན་ཆོམས། །ཁྲོ་བས་འཁོར་བ་ཐོག་མེད་ནས། །བདག་ལ་གནོད་པ་མཐའ་ལས་འདས། །"ཞེས་པ་ལས་ང་ཚོ་ཞེ་སྡང་ནི་དུག་གསུམ་གྱི་བྱེ་བྲག་ཅིག་ཡིན་པས་ངེས་པར་སྤོང་དགོས་པ་དང་། དེ་སྤང་བའི་ཐབས་སམ་གཉེན་པོ་ནི་བཟོད་པ་ཡིན་པ་དང་། ང་ཚོས་ནམ་རྒྱུན་བཟོད་པ་སྒོམ་པ་དང་འདོད་ཆུང་ཆོག་ཤེས་བྱེད་པ། འཁོར་བའི་གནས་སུ་དགེ་བའི་ཕྱོགས་སུ་འབད་པ་ནི་མི་རྣམས་ལ་བསྟན་པའི་ཐར་བའི་ལམ་ཡིན་པ་བསྟན་ཡོད་པ་དང་། དེ་མིན་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱེད་པ་ལ་བསྟོད་བསྔགས་དང་། ལེ་ལོ་སྒྱིད་ལུག་ཏུ་གྱུར་ནས་སློབ་གཉེར་མི་བྱེད་པ་ལ་སྐྱོན་བརྗོད་བྱེད་པ། ཁེངས་སྐྱུངས་ཀྱིས་སློབ་གཉེར་བྱ་དགོས་པ་དང་དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་ལ་འབད་དགོས་ཚུལ། བྱ་བ་གང་ཞིག་སྒྲུབ་ནའང་ཞིབ་དཔྱོད་དང་ནན་མོ་བྱེད་པ་ལས་གྱ་ཚོམ་དང་འོད་ཚོད་ཀྱིས་མི་འཇུག་པ། རང་གཤིས་འགྱུར་མེད་བརྟན་བརླིང་རང་ཚུགས་ཐུབ་པ་ལ་གཟེངས་བསྟོད་དང་། དར་ལྕོག་རླུང་གིས་བསྐྱོད་པ་ལྟར་རྟག་ཏུ་འགྱུར་ལྡོག་སྐྱེན་པ་དག་ལ་དགག་པ་སོགས་གནས་ལུགས་ཟབ་མོ་བསྟན་ཡོད།
གཞན་འབྲོམ་གྱི་མི་ཆོས་བསླབ་བྱ་སྟེ། ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་བལ་ཡུལ་དུ་སློབ་གཉེར་ལ་ཕེབས་སྐབས། ཆེད་དུ་འགྲོ་ཆས་སུ་ཞུས་པའི་ལན་དུ་གདམས་པའི་འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་ཞིག་སྟེ། འབྲོམ་གྱིས་སྙེ་ཐང་འཁོར་ནས་སྐྱེལ་ཐུང་མཛད་དེ། གཅིག་ལ་གཅིག་གིས་ཕྱག་ལ་འཇུས་ནས་འབྲལ་མི་ཕོད་པའི་ཚོད་དུ་སྙིང་གཏམ་སྒྲོས་སུ་གླེང་པ་ན། ལོ་ཙཱ་བ་ན་རེ། དུས་དེ་རིང་ཐག་རིང་བལ་བོའི་ཐང་ལ་འགྲོ་བར་ཆས་པ་ལ། སེམས་ལ་ཕན་པའི་འགྲོ་ཆས་ཤིག་ཞུ་བར་འཚལ་ཏེ། དེ་ཡང་ཕྱི་མའི་ལག་ལེན་རྣམས་ཅི་ཙམ་གྱིས་གོ གནས་སྐབས་ཚེ་འདིའི་འགྲོགས་ལུགས་འཇིག་རྟེན་མིའི་མཐུན་འཇུག་འཕྱས་བཟླས་མཁན་རྣམས་ཀྱིས་སྨད་པར་མི་ནུས་པའི་མི་ཆོས་ཤིག་སྙིང་ལ་གཟེར་པར་ཞུ། ཞེས་ཞུས་པ་ལ། འབྲོམ་རྗེ་ཞལ་འཛུམ་པའི་མདངས་དང་བཅས་ནས། དབུ་སྐྲ་ལྩང་ལོ་ཅན་དབུ་རང་གིས་སྤྲུག་སྟེ་རྒྱབ་ཏུ་བསྐྱུར་ནས་བསླབ་བྱ་ཞིག་གསུངས་ཡོད་པ་སྟེ། དཔེར་ན་དེ་ལས"གནས་དང་ཕྱོགས་རྣམས་གང་དུ་འགྲོ་ཡང་རུང་། །གཞི་དང་གནས་མལ་གང་དུ་བྱེད་ཀྱང་རུང་། །གྲོགས་དང་འགྲོགས་ལུགས་སུ་ལ་འཚོལ་ཡང་རུང་། །ཀུན་དང་བསྟུན་པ་མི་ཆོས་རྩ་བ་ཡིན། །" ཞེས་གསུངས་པ་ལྟར། མི་གཞན་ལ་འབྲེལ་འདྲིས་བྱེད་པའི་ཚེ་ན། གློ་བ་ཧ་ཅང་ཉེ་དྲགས་ན་མི་རུང་ལ་རིང་ནའང་མི་འོས་ཏེ། རྣམ་པ་ཀུན་ཏུ་ལུས་དང་གྲིབ་མ་བཞིན་འགྲོགས་ན། ཕྱི་ཚུལ་ནས་ཉེ་བ་ལྟར་སྣང་མོད། དོན་དངོས་སུ་ཕན་ཚུན་གྱི་སྐྱོན་མཚང་ངམ་མི་ལེགས་པའི་ཆ་མཐོང་བས། སོ་སོར་གྱེས་པའི་དུས་ལ་ཇེ་ཉེར་འགྲོ་ངེས་པར་གསུངས། ཡིན་ཡང་མི་གཞན་དང་འགྲོགས་པའི་ཚེ་ན། མཛའ་བརྩེ་མེད་པ་དང་། དོན་མེད་སྣང་མེད་དུ་བསྐྱུར་ན། ཕན་ཚུན་འབྲེལ་འདྲིས་མཐུན་ལམ་གྱི་གེགས་སུ་གྱུར་ཏེ། ཐ་ན་རང་གིས་ཡིད་རྟོན་བྱེད་འོས་པའི་བློས་ཐུབ་ཀྱི་གྲོགས་པོ་དག་གིས་ཀྱང་དོགས་གནས་སུ་གྱུར་ནས། མཐར་རང་ཉིད་གཅིག་པུ་ལས་གྲོགས་མེད་ཁེར་རྐྱང་དུ་འགྱུར་བར་ཉེན་གསུངས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注