དེང་རབས་བྱིས་པའི་སློབ་གསོ་ལ་ཕྱོགས་གང་དག་ནས་འབད་དགོས།

རྒྱལ་མཚན་བློ་གསལ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ།

དུས་རབས་གསར་པའི་སློབ་གྲྭའི་སློབ་གསོའི་ལས་འགན་གཙོ་བོ་ནི་ང་ཚོའི་རྗེས་རབས་པར་བདེ་ཐང་གི་ལུས་པོ་དང་། བདེ་ཐང་གི་སེམས་ཁམས། རིག་གནས་སྣ་མང་གི་ཁོར་ཡུག་ཁྲོད་ནས་ཚད་ལྡན་གྱི་སྤྱི་ཚོགས་ལེགས་པོ་ཞིག་བསྐྲུན་རྒྱུ་དང་། ཁོར་ཡུག་ལེགས་པོ་འདི་གསུམ་འཛོམས་པར་ཡིད་རྟོན་རུང་བའི་ཁོར་ཡུག་དང་ཆ་རྐྱེན། རིག་གནས་ཀྱི་བར་སྟོང་། ཚད་ཡོད་ཀྱི་དུས་ཚོད་ངེས་ཅན་ནང་མ་འོངས་པའི་སྤྱི་ཚོགས་ལ་མཁོ་བའི་རྩལ་ནུས་སྣ་ཚོགས་འཛོམས་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་རྒྱུ་དེ་རེད།

འདིར་ངས་སློབ་མའི་བདེ་ཐང་གི་ལུས་པོ་ཇི་ལྟར་གསོ་སྐྱོང་བྱེད་རྒྱུའི་སྐོར་གླེང་མེད་པར། སློབ་མར་རོགས་རམ་ངང་བདེ་ཐང་གི་ལུས་པོ་ཇི་ལྟར་འཛོམས་པར་བྱེད་པའི་སྐོར་གླེང་ཡོད། འདི་ལྟར་གླེང་དགོས་པའི་རྒྱུ་མཚན་ནི་ང་ཚོས་བྱིས་པ་དག་ནི་སློབ་གསོའི་ཁ་གཏད་ཡུལ་གཙོ་བོར་འཛིན་པ་དང་། བྱིས་པ་རྣམས་ནི་རིག་གནས་བརྒྱུད་སྤྲོད་དང་སློབ་གྲྭའི་སློབ་གསོའི་དམིགས་ཡུལ་མཐར་ཐུག་པ་ཡིན་པའི་ངེས་ཤེས་ཐོབ་ཆེད་ཡིན། 

བྱིས་པ་རེ་རེར་རང་སྟེང་གི་ཁྱད་ཆོས་དང་འཇོན་ནུས་ལྡན་པ་དང་། ང་ཚོས་རང་ཉིད་དགེ་རྒན་ནམ་རྒན་རབས་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཤེས་རྟོགས་ཁོ་ནས་བྱིས་པ་རྣམས་ཀྱི་དགོས་མཁོ་ཡོད་ཚད་དང་ནང་སྒོས་བྱིས་པ་རྣམས་ཀྱི་འཕེལ་རྒྱས་ལ་ཚད་གཞི་འཇོག་ཐབས་མེད། དེ་བས། ང་ཚོས་ནུས་པ་ཡོད་ཚད་ཀྱིས་མིའི་རིགས་ཡོངས་ཀྱི་དཔལ་ཡོན་ནང་དོན་དང་རིག་གནས་ཉམས་མྱོང་མཐའ་དག་ཁོ་ཚོར་བརྒྱུད་སྤྲོད་དང་རོལ་མྱོང་བྱེད་དུ་འཇུག་དགོས། ང་ཚོས་བྱིས་པ་རེ་རེའི་ཁྱད་ཆོས་དང་འཇོན་ནུས་ལ་གཞིགས་ནས་ཁོ་ཚོར་གོ་སྐབས་དང་ཆ་རྐྱེན་གང་མང་རེག་ཏུ་བཅུག་སྟེ། ཁོ་ཚོའི་འཇོན་ནུས་འདོན་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས།

དང་པོ། སྟོབས་ནུས་ལྡན་པའི་ལུས་པོའི་བྱང་ཚད་འཛོམ་དུ་འཇུག་པ།

ལུས་པོའི་བྱང་ཚད་ནི་སློབ་མའི་བྱང་ཚད་ཀྱི་ཆགས་གཞི་སྤྱིའི་རྨང་གཞི་ཡིན་པ་དང་། གལ་སྲིད་སྟོབས་ནུས་ལྡན་པའི་ལུས་པོའི་བྱང་ཚད་ཅིག་མེད་ན་བྱང་ཚད་གཞན་དག་ལའང་རྨང་གཞི་ལེགས་པོ་ཞིག་འཛོམས་མི་སྲིད་ལ། སློབ་མར་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཀྱང་འབྱུང་ཐབས་མེད། ལུས་པོའི་བྱང་ཚད་ལ་གཙོ་ཆེར་ལུས་པོའི་ཆགས་གཞི་དང་ལུས་པོའི་ནུས་རྩལ་གྱི་ཕྱོགས་གཉིས་ཡོད་དེ། སློབ་མའི་ལུས་པོའི་བྱང་ཚད་མཐོར་འདེགས་གཏོང་བའི་ལས་འགན་དེ་འགྲུབ་པར་གཤམ་གྱི་ཕྱོགས་ལྔ་ནས་ལེགས་འགྲུབ་འབྱུང་དགོས་པར་སྙམ་སྟེ།

གཅིག སློབ་མར་རོགས་རམ་ངང་ཕྱོགས་ཡོངས་ནས་ལུས་པོ་བདེ་ཐང་དང་ལུས་པོའི་རྩལ་ནུས་ཡོད་ཚད་རྒྱུན་འཁྱོངས་བྱེད་དུ་འཇུག་པ།

གཉིས། བྱེད་ཐབས་སྣ་ཚོགས་སྤྱད་ནས་སློབ་མ་ཚོར་ལུས་རྩལ་སྦྱོང་བརྡར་གྱི་རྨང་གཞིའི་ཤེས་བྱ་དང་ཐབས་ལམ་ལ་རྒྱུས་ལོན་བྱེད་དུ་འཇུག་པ། ལུས་རྩལ་སྤྲོ་ཚོགས་ལ་སྤྲོ་བས་ཞུགས་པ་དང་རང་རྟོགས་ངང་ལུས་ཕུང་སྦྱོང་བརྡར་བྱེད་པ།

གསུམ། སློབ་མ་ཚོར་སྒེར་དང་གཞུང་གི་གཙང་སྦྲར་དོ་སྣང་བྱེད་པའི་གོམས་གཤིས་ཆགས་སུ་འཇུག་པ།

བཞི། སློབ་མར་རོགས་རམ་ངང་ལུས་ཕུང་མ་ལག་གི་ཆགས་གཞི་དང་རྩལ་ནུས་ཀྱི་རྨང་གཞིའི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ།

ལྔ། སློབ་མའི་འཚོ་བ་དང་འབྲེལ་ཏེ་ཁོ་ཚོར་རྒྱུན་མཐོང་གི་ནད་གཞི་དང་སྨན་རྫས་སྐོར་གྱི་ཤེས་བྱའི་ཉམས་མྱོང་འཛོམ་དུ་འཇུག་པ།

གཉིས་པ། བདེ་ཐང་གི་སེམས་ཁམས་བྱང་ཚད་འཛོམ་དུ་འཇུག་པ།

སེམས་ཁམས་བྱང་ཚད་ནི་མིའི་བྱང་ཚད་ཀྱི་ཆགས་གཞི་སྤྱིའི་དཀྱིལ་སྙིང་གི་ཁག་དེ་ཡིན་ལ། བྱིས་པ་ཚང་མས་རང་རང་གི་སེམས་ཁམས་འགུལ་སྐྱོད་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པའི་སློབ་གསོ་དང་ལེན་བྱས་པ་ཡིན་ལ། བདེ་ཐང་དང་སྤྲོ་སྣང་ལྡན་པའི་སེམས་ཁམས་འགུལ་སྐྱོད་ཀྱིས་རང་འགུལ་སྒོས་འཛམ་གླིང་ལ་རྟོག་འཚོལ་དང་གནད་དོན་ཤེས་རྟོགས། ཁོ་ཚོ་གཅེས་སྐྱོང་བྱེད་མཁན་གྱི་དགེ་རྒན་དང་ཉེ་བར་བཅར་བ་དང་སློབ་གསོའི་བྱ་འགུལ་སྣ་ཚོགས་ལ་ཞུགས་ཏེ། དེའི་ཁྲོད་ནས་ཤེས་བྱ་བསྡུ་ལེན་བྱས་ནས་སྤྱོད་སྒོ་ལྡན་པའི་འཇོན་ནུས་སུ་བསྒྱུར་བར་བྱེད། སེམས་ཁམས་རིག་པའི་ཞིབ་འཇུག་གི་དཔྱད་འབྲས་ལྟར་ན། སེམས་ཁམས་འགུལ་སྐྱོད་དེ་ཚན་ཁག་གཉིས་སུ་དགར་ཆོག་སྟེ། ཤེས་རྟོགས་འགུལ་སྐྱོད་དང་བསམ་གཞིག་འགུལ་སྐྱོད་གཉིས་སུ་དབྱེ་ཆོག 

ཤེས་རྟོགས་འགུལ་སྐྱོད་ཅེས་པ་ནི་སེམས་ཁམས་འགུལ་སྐྱོད་བརྒྱུད་རིམ་དང་འབྲེལ་བའི་ཚོར་ཤེས་དང་ཤེས་རྟོགས། ཡིད་འཛིན། བསམ་གཞིག་སོགས་ཀྱི་སེམས་ཁམས་འགུལ་སྐྱོད་ཀྱི་བརྒྱུད་རིམ་ལ་ཟེར། 

བསམ་གཞིག་འགུལ་སྐྱོད་ཅེས་པ་ནི་གཙོ་ཆེར་ཤེས་རྟོགས་བྱ་འགུལ་སློང་བ་དང་གཏན་འཇགས་བྱེད་པའི་སེམས་ཁམས་གྲུབ་རྐྱེན་ལ་ཟེར། དེའི་ཁོངས་སུ་གཙོ་ཆེར་དགའ་ཕྱོགས་དང་སེམས་འགྱུ། སྙིང་རུས་སོགས་འདུ། བདེ་ཐང་གི་བསམ་གཞིག་བྱེད་ཕྱོགས་ཁོ་ནས་རྒྱུན་ལྡན་གྱི་སེམས་ཁམས་འགུལ་སྐྱོད་འབྱུང་སྲིད་ལ། བདེ་ཐང་དང་རྒྱུན་རིང་བའི་དོ་སྣང་ཡོད་ཚེ་ད་གཟོད་སྣ་འདུས་ཀྱི་བསམ་གཞིག་འགུལ་སྐྱོད་དང་ཚད་མཐོའི་སེམས་ཁམས་འགུལ་སྐྱོད་ཆགས་ཐུབ། གནད་འདི་ལ་གཞིགས་ནས་ང་ཚོས་ངེས་པར་བྱིས་པའི་ཚོར་ཤེས་དང་ཤེས་རྟོགས། ཡིད་འཛིན། བསམ་གཞིག་གི་ནུས་པ་སོགས་གསོ་སྐྱོང་བྱེད་པར་དོ་སྣང་བྱེད་དགོས། ནུས་པ་འདི་དག་གསོ་སྐྱོང་བྱ་དགོས་ཚེ་ཡང་ངེས་པར་བྱིས་པའི་བསམ་གཞིག་འགུལ་སྐྱོད་ཀྱི་སེམས་ཁམས་ནུས་པ་གསོ་སྐྱོང་བྱེད་དགོས། དེ་ལྟ་ན་ཁོ་ཚོའི་རྒྱུན་ལྡན་གྱི་དགོས་མཁོ་སྐོང་ཐུབ་པ་དང་། ཁོ་ཚོར་རོགས་རམ་ངང་ལུགས་མཐུན་དང་བརྟན་འཇགས་ཀྱི་དགའ་ཕྱོགས་གྲུབ་ཏུ་འཇུག་ཐུབ། རྨང་གཞི་དེའི་སྟེང་ནས་ད་གཟོད་བརྟན་འཇགས་ཀྱི་སེམས་འགྱུ་དང་། སྤྲོ་སྣང་གི་བརྩེ་སེམས་མྱོང་རོལ། ངར་སྟོབས་ལྡན་པའི་སྙིང་རུས་བཅས་ཐོན་ཐུབ།

གསུམ་པ། སྤྱི་ཚོགས་ལ་གོམས་པའི་བྱང་ཚད་ཇེ་མཐོར་གཏོང་བ།

སྤྱི་ཚོགས་ཀྱི་བྱང་ཚད་ནི་ལུས་ཕུང་གི་བྱང་ཚད་རྨང་གཞི་བྱས་ཤིང་། སེམས་ཁམས་ཀྱི་བྱང་ཚད་སྨྱན་བྱད་ལྟ་བུ་བྱས་ནས་ཐོན་པ་ཞིག་ཡིན། སྤྱི་ཚོགས་ཀྱི་བྱང་ཚད་ནི་བྱིས་པའི་ལུགས་མཐུན་གྱི་བྱང་ཚད་གྲུབ་པའི་ཆ་ཤས་ཧ་ཅང་གཙོ་བོ་དེ་ཡིན་ལ། དེ་དང་མཉམ་དུ་ལུས་ཕུང་གི་བྱང་ཚད་དང་སེམས་ཁམས་ཀྱི་བྱང་ཚད་གྲུབ་པ་དང་འཕེལ་རྒྱས་འབྱུང་བར་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། 

སྤྱི་ཚོགས་བྱང་ཚད་ཀྱི་ཁོངས་སུ་མང་པོ་ཞིག་འདུ་སྟེ། གཙོ་ཆེར་ཆབ་སྲིད་ཀྱི་འདུ་ཤེས་དང་བསམ་བློ་གཏོང་སྟངས། ཀུན་སྤྱོད་ཚད་གཞི། ལས་བཟོའི་ནུས་པ། མཛེས་འཛིན་ལྟ་བ། ངལ་རྩོལ་ལག་རྩལ་སོགས་ཀྱི་བྱང་ཚད་སོགས་ཡོད། འདི་དག་ནི་སྤྱི་ཚོགས་བྱང་ཚད་གྲུབ་ཚུལ་གྱི་གཞི་རྩའི་རྒྱུས་ལོན་ཙམ་ཡིན་ལ། སྤྱི་ཚོགས་བྱང་ཚད་ཀྱི་བར་སྟོང་ཁྱབ་ཁོངས་ནས་བལྟས་ན། སྤྱི་ཚོགས་ལའང་བར་སྟོང་ཁྱབ་ཁོངས་ངེས་ཅན་གྱི་བརྗོད་སྙིང་འདུ་བ་ཡིན།

སྤྱི་ཚོགས་ཆེན་པོ་དང་སྤྱི་ཚོགས་ཆུང་ཆུང་ཡོད་ལ། ཡང་མི་རིགས་རང་གི་རིག་གནས་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡོད་ལ། རྒྱལ་ཁབ་ཀྱིས་གྲུབ་པའི་ཧྲིལ་གཟུགས་ཀྱི་སྤྱི་ཚོགས་ཀྱང་ཡོད། ད་དུང་འཛམ་གླིང་བར་སྟོང་བྱས་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱང་ཡོད། དེའི་ཕྱིར། ང་ཚོས་རྒྱུས་ལོན་བྱས་པའི་སྤྱི་ཚོགས་ཀྱང་ཟུར་མི་འདྲ་བ་མང་པོ་ནས་དབྱེ་ཞིབ་དང་རྒྱུས་ལོན་བྱས་ཆོག རིགས་ལམ་འདི་ལྟར་དུ་ང་ཚོས་སློབ་མའི་ཡང་དག་པའི་སྤྱི་དམངས་ཀྱི་འདུ་ཤེས་དང་ཚན་རིག་རང་བཞིན་གྱི་བསམ་བློའི་ལྟ་གྲུབ། སེམས་དཀར་གཞུང་དྲང་གི་སྤྱོད་ལམ། ཤེས་རབ་ལྡན་པའི་ཀླད་ནུས། གཞུང་དྲང་གི་བྱ་བ་སྒྲུབ་ཐབས། དེང་རབས་སྤྱི་ཚོགས་སུ་འཚོ་གནས་བྱེད་པའི་གཞི་རྩའི་ནུས་པ། ས་གནས་དང་དུས་ཚོད་གང་རུང་ནས་གནད་དོན་རྩད་འཚོལ་དང་དེ་མིན་གཞན་ལ་སློབ་སྦྱོང་དང་ཁེངས་སྐྱུང་གིས་འཚོ་བའི་གོམས་གཤིས་ཆགས་པར་འབད་དགོས། 

ད་དུང་བྱེ་བྲག་ཏུ་བབས་ན་ཚད་མཐོའི་ཀུན་སྤྱོད་ཀྱི་གཤིས་ཀ་དང་སྤྱོད་བཟང་། ཡང་དག་པའི་ཀུན་སྤྱོད་ཀྱི་སྤྱོད་ལམ། རང་ཉིད་ཀྱི་ཚེ་སྲོག་དང་སྤྱི་ཚོགས་ལ་བརྩི་མཐོང་བྱེད་པ། མི་གཞན་དང་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། རྨང་གཞིའི་ཤེས་བྱ་དང་གཞི་རྩའི་རྩལ་ནུས་ལ་ནང་བྱན་ཆུད་པར་མ་ཟད། ཟབ་ཡངས་ཀྱི་སྤྱིར་བཏང་ཚན་རིག་ཤེས་བྱ་དང་ཆེད་ལས་ཤེས་བྱའི་བློ་སྦྱོང་ལྡན་པ། ཡང་དག་པའི་མཛེས་འཛིན་འདུ་ཤེས་དང་མཛེས་འཛིན་སྤྲོ་བར་གོམས་སུ་འཇུག་པ། ཚད་ངེས་ཅན་གྱི་མཛེས་པ་ཤེས་རྟོགས་དང་མཛེས་པ་རོལ་མྱོང་། མཛེས་པ་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱེད་པ། ཚད་ངེས་ཅན་གྱི་ངལ་རྩོལ་ཤེས་བྱ་དང་རྩལ་ནུས་ལྡན་པ། ངལ་རྩོལ་ལ་དགའ་བ་དང་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་བརྩེ་དུང་ལྡན་པ། འདི་དག་འཛོམས་ན་ད་གཟོད་ངལ་རྩོལ་ལ་དགའ་བ་དང་། སློབ་སྦྱོང་ལ་དགའ་བ། འཚོ་བར་དགའ་བ། རྒྱལ་ཁབ་ལ་དགའ་བ། ཚེ་སྲོག་ལ་དགའ་བ། རང་བྱུང་ཁམས་ལ་དགའ་བ། མིའི་རིགས་ལ་དགའ་བ། དོན་དངོས་ལ་དགའ་བའི་ཚད་ལྡན་གྱི་སྤྱི་དམངས་སུ་འགྱུར་ཐུབ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号