སློབ་མའི་ཀུན་སྤྱོད་ཀྱི་རུ་མ་ནི་ཕ་མ་དང་དགེ་རྒན་ཡིན།

ཚེ་རིང་དབྱངས་སྲས།

དབང་ཆེན་དཔོན་པོས་འཕྲོག་མི་ཐུབ་པ། ཉམ་ཆུང་འཁྱམ་པོས་བརྐུ་མི་ཐུབ་པ། མི་ཞིག་གི་ངོས་ནས་བརྗོད་ན་ཆེས་ཉམས་པ་མེད་པ་ནི་ཀུན་སྤྱོད་ཡིན་ལ། ཀུན་སྤྱོད་གཙང་མ་ནི་ལྷན་སྐྱེས་སུ་བྱུང་བ་ཞིག་མ་ཡིན་པར་སློབ་གསོར་རག་ལས་ཤིང་། སློབ་གསོའི་ལེགས་ཉེས་ནི་ཕ་མ་དང་དགེ་རྒན་ལ་རག་ལས་ཡོད། དེ་ཡང་གནའ་བོའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང«སུམ་པའི་མ་ཤགས་ཆེན་པོ»ལས་ཀྱང་། “བུ་ཚ་བསྐྱེད་དེ་སློབ་སྦྱོང་མ་བྱས་ན་གཏི་མུག་གི་གཞི་སྟེ། བསྐྱེད་པའི་དོན་མེད་ལ། ལྟོ་རྒྱབ་ཀྱི་གྲོན་ཆེའོ། །”ཞེས་དང་། དེ་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དང་པོ་བཞིའི”ཐོག་ནས་ཁྱིམ་ཚང་གི་སློབ་གསོར་ནན་བཤད་གནང་བ་སྟེ། ཁོང་གིས“ཁྱིམ་ཚང་ནི་མི་ཚེའི་སློབ་གྲྭ་དང་པོ་དེ་ཡིན་པ་དང་ཁྱིམ་བདག་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་པས། ཕྲུ་གུར་མི་ཚེའི་སློབ་ཚན་དང་པོ་ཡག་པོར་ཁྲིད་དེ་མི་ཚེའི་གོམ་པ་དང་པོ་དེ་ཡག་པོར་སྤོ་རོགས་བྱེད་དགོས”ཞེས་གསུངས། དེ་བཞིན་ད་དུང་ཁོང་གིས“མི་ཞིག་ལ་མཚོན་ན་དགེ་བའི་བཤེས་གཉེན་བཟང་པོ་ཞིག་དང་མཇལ་འཕྲད་བྱུང་བ་ནི་རང་གི་མི་ཚེ་གང་པོའི་བསོད་ནམས་ཆེ་ཤོས་དེ་ཡིན། སློབ་གྲྭ་ཞིག་ལ་མཚོན་ན་མཚན་ཉིད་ཚང་བའི་དགེ་རྒན་གྱི་དཔུང་སྡེ་ཡོད་པ་ནི་སློབ་གྲྭའི་གཟི་བརྗིད་ཡིན། མི་རིགས་ཤིག་ལ་མཚོན་ན་མཚན་ཉིད་ཚང་བའི་དགེ་རྒན་བཟང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་ན་དེ་ནི་མི་རིགས་གང་དེའི་རེ་བའི་འབྱུང་རྩ་ཡིན”ཞེས་གསུངས་པས་ཕ་མ་དང་དགེ་རྒན་ནི་སློབ་མའི་གཟུགས་བརྙན་འཆར་སའི་མེ་ལོང་ཉག་ཅིག་ཡིན་པ་བསྟན་ཡོད།

དང་པོ། ཕ་མ་དང་དགེ་རྒན་གྱིས་ཤེས་རིག་སློབ་གསོ་ཁོ་ནར་མཐོང་ཆེན་བྱེད་པ་ལས་ཀུན་སྤྱོད་ཀྱི་སློབ་གསོ་དང་མཛེས་རིག་སློབ་གསོར་སྣང་ཆུང་བྱེད་པའི་སྲོལ་ངན་མེད་པར་བཟོ་དགོས།
       དེང་སང་ཁྱིམ་ཚང་ཞིག་ལ་ཆགས་བཞག་ནའང་འདྲ། ཡང་ན་སློབ་གྲྭ་ཞིག་ལ་ཆགས་བཞག་ནའང་འདྲ། དེ་བཞིན་སྤྱི་ཚོགས་ཐོག་གི་གླེང་གཞི་སོགས། མདོར་ན། མཐོ་དམན་བར་གསུམ་དང་། སྒང་དྲུག་གཤོང་གསུམ་གང་ཡིན་རུང་། ཚང་མས་རེ་བའི་མིག་ཟུང་གཏད་ཅིང་ཆེས་གཙིགས་ཆེན་བྱེད་ས་ནི་བྱིས་པའི་ཀུན་སྤྱོད་བཟང་ངན་གཙོ་བོར་འཛིན་པ་དེ་མ་ཡིན་པར་རྒྱུགས་ཤོག་ངོས་ཀྱི་སྐར་གྲངས་གཙོ་བོར་འཛིན་པ་དེ་རེད། རི་བོ་ལྟ་བུའི་ལས་ལྕི་མོས་བྱིས་པའི་ལུས་པོ་མནན་ཅིང་། ཆུ་བོ་ལྟ་བུའི་སྐར་གྲངས་ཀྱིས་བྱིས་པའི་མདུན་ལམ་བཀག་ཡོད། ལྷག་པར་སློབ་གྲོགས་གཞན་དག་གིས་བླངས་པའི་རྒྱུགས་འབྲས་བཟང་པོ་མཐོང་དུས་རང་གི་རྒྱུགས་འབྲས་བློར་མི་འབབ་པའམ་ཡང་ན་རྒྱུགས་སྐར་བཟང་པོ་བླངས་པའི་དབང་དུ་བཏང་ནའང་ཕ་མ་དང་དགེ་རྒན་གྱིས་མིང་གྲགས་དང་ངོ་སོ་བསྟོད་ཐུབ་པའི་འབྲས་བཟང་ཞིག་འཐོབ་ཐུབ་མེད་ན། གནོན་ཤུགས་དང་དཀའ་ཁག་མང་པོས་མནར་གཅོད་གཏོང་བཞིན་ཡོད་པ་ནི་རང་རིག་མངོན་སུམ་ལས་གཞན་སུ་ཡིས་རྟོགས། ཕ་མ་དང་དགེ་རྒན་གྱིས་སྐར་གྲངས་ཨང་དང་པོར་བཞག་ནས། ལོ་ཆུང་བྱིས་པར་རང་ནུས་ལ་མ་དཔག་པའི་གནོན་ཤུགས་ཀྱི་མནར་གཅོད་གཏོང་བཞིན་ཡོད་མེད་ལ་ཞིབ་ཏུ་རྟོག་བཞིན། ཐབས་ལམ་དང་དགའ་ཕྱོགས། དེ་མིན་ཤེས་བྱ་ཁོང་དུ་ཆུད་ཚད་སོགས་ལ་སེམས་ཁུར་བྱས་ནས་ཀུན་སྤྱོད་དང་། ཤེས་རིག བདེ་ཐང་། གཟུགས་གཞི། མཛེས་རིག་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་དགོས།
གཉིས་པ། ཕ་མ་དང་དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱིས་གོམས་གཤིས་བཟང་པོས་ཀུན་སྤྱོད་ཡག་པོའི་སྲོལ་འཛུགས་དགོས།
       ཀུན་སྤྱོད་བཟང་ངན་ནི་གོམས་གཤིས་ལ་རག་ལས་ཡོད། “བདག་པོ་བཟང་པོའི་སྒོ་ཟོག”ཅེས་པའི་དཔེ་ལྟར། སློབ་མའི་ཀུན་སྤྱོད་བཟང་ངན་ནི་ཕ་མ་དང་དགེ་རྒན་གྱི་གོམས་གཤིས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ནམ་རྒྱུན་ཕ་མ་དང་དགེ་རྒན་གྱིས་རྒན་བཀུར་གཞོན་གཅེས་དང་། གཞན་ཕན་ལྷག་བསམ། མཛའ་མཐུན་མཉམ་གནས། ཡ་རབས་གཞུང་དྲང་སོགས་བྱེད་དགོས་པའི་རེ་བ་ནན་མོ་བྱེད་ཀྱི་ཡོད་པས། དེ་ནི་ཕ་མ་དང་དགེ་རྒན་གྱི་ཁ་ནས་སློབ་མ་ལ་རེ་བ་འདོན་རྒྱུ་དང་སློབ་གསོ་གཏོང་རྒྱུ་ཞིག་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱིས་འགྲོ་འདུག་སྤྱོད་གསུམ་གྱི་བྱ་སྤྱོད་ནས་རང་དཔེ་གཞན་སྟོན་གྱིས་དོན་དངོས་ལ་གཞིགས་ནས་མིག་དཔེ་བཟང་པོ་སྟོན་པ་དང་བག་ཆགས་བཟང་པོ་འཇོག་དགོས། ཕ་མ་དང་དགེ་རྒན་གྱིས་ལག་ལེན་དངོས་ལ་གཞིགས་ནས་སློབ་གསོ་མྱོང་དུ་འཇུག་དགོས། ཕ་མ་དང་དགེ་རྒན་གྱིས་ནམ་རྒྱུན་འཚོ་བའི་ནང་བྱ་སྤྱོད་ཡོད་དོ་ཅོག་ལ་སྣང་མེད་མ་བཏང་བར་གཙིགས་ཆེན་དུ་བཟུང་ནས་ཀུན་སྤྱོད་སློབ་གསོའི་མིག་དཔེ་བཟང་པོ་ཞིག་འཇོག་ཐུབ་པར་བྱེད་དགོས།
       འཚོ་བ་དངོས་ཀྱི་ནང་ཕ་མ་དང་དགེ་རྒན་རང་ཉིད་ལ་རྒན་བཀུར་གཞོན་གཅེས་ཀྱི་བྱ་སྤྱོད་ལྡན་དགོས། ནམ་རྒྱུན་འཚོ་བའི་ནང་ལས་དོན་ཅི་འདྲ་ཞིག་བསྒྲུབས་ཀྱང་ལྷག་བསམ་རྣམ་དག་གིས་བསྒྲུབ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བས། རང་ཉིད་ཀྱི་བུ་ཕྲུག་སྙོར་སྐྱོང་དང་སློབ་ཁྲིད་བྱེད་སྐབས་ཉིན་རེ་བཞིན་ལྷག་བསམ་རྣམ་དག་བྱེད་དགོས། ལྷག་པར་སྤྱི་ཚོགས་ཁྲོད་ཡུལ་དུས་ཅི་འདྲ་ཞིག་ཡིན་རུང་མི་དང་མིའི་བར་བཟོད་སྒོམ་དང་བསམ་ཤེས་ཀྱི་ངང་རྒྱུད་རིང་པོ་མ་དོར་བར། མཛའ་བཤེས་དང་གཞུང་དྲང་གི་བྱ་སྤྱོད་རྣལ་མ་དག་སློབ་མ་དང་བྱིས་པའི་མིག་ལམ་དུ་མཐོང་དུ་བཅུག་ནས་སློབ་གསོ་མྱོང་དུ་འཇུག་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན། གལ་སྲིད་ཀུན་སྤྱོད་མ་རབས་ཕྱོགས་སུ་འགྲོ་བཞིན་འདུག་ན་རྔ་ལ་དཔགས་པའི་འཆམ་རྒྱབ་ན་འགྲིག་སྟེ། དེ་ཡང་ཁ་ཆེ་ཕ་ལུའི་བསླབ་བྱ་ལས། “ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། །ཉེས་ན་ཉེས་སོང་ཟེར་ནས་ཉེས་གཏག་ཐོངས། །ཨ་མའི་ཁ་ལ་སྒོ་ལྕགས་བརྒྱབ་དྲགས་ན། །ཕྲུ་གུས་ཆག་སྒོའི་རྒྱལ་སྒོ་ཕྱེ་ཉེན་ཡོད། །”ཅེས་པ་ལྟར་མི་ཞིག་མ་རབས་སུ་འགྲོ་མིན་ནི་ཕྲུ་གུའི་ཀུན་སྤྱོད་སློབ་གསོར་རག་ལས་པས། ཕ་མ་དང་དགེ་རྒན་གྱིས་ཕྲུ་གུ་དང་སློབ་མར་སྐར་གྲངས་མཐོ་དམན་ཁོ་ནར་བལྟས་ནས་ཉེས་རྡུང་གཏོང་བ་ལས་མི་གཞི་ཡ་རབས་སུ་འཁྲིད་པའི་ཐབས་ལམ་གང་མཁོ་འདོན་རྒྱུར་མ་སྙེལ་བ་གནང་རྒྱུ་གལ་ཆེ།
གསུམ་པ། ཕ་མ་དང་དགེ་རྒན་གྱིས་རྒྱུན་གཏན་སྐད་ཆ་བཤད་སྟངས་ཐད་ནས་ཀུན་སྤྱོད་བཟང་བའི་མི་ཞིག་ཡིན་པ་ཤེས་སུ་འཇུག་དགོས།
       “གཏམ་ལ་མཚོན་ཆ་མེད་ཀྱང་མི་སྙིང་དུམ་བུར་གཏུབ”ཅེས་པའི་དཔེ་བཞིན། དུས་རྒྱུན་འཚོ་བའི་ནང་རང་གི་ཉེ་འཁོར་གྱི་མི་དང་། མིའི་དབར་འབྲེལ་འདྲིས་དང་བཀོལ་སྤྱོད་བྱེད་རྒྱུའི་ལག་ཆ་གཙོ་བོ་ནི་སྐད་ཆ་ཡིན། མི་གཅིག་གི་ཀུན་སྤྱོད་ལེགས་ཉེས་ཀྱི་ཚད་གཞི་དེའང་སྐད་ཆས་མངོན་ཐུབ། དེ་བས་སྐད་ཆ་ནི་མིའི་སེམས་ཁམས་གསོ་བྱེད་ཀྱི་མ་ལག་ཅིག་ཡིན། ཕ་མ་དང་དགེ་རྒན་གྱིས་དུས་རྟག་ཏུ་བུ་ཕྲུག་དང་སློབ་མའི་མདུན་དུ་ཡ་རབས་གུས་ཞབས་ཀྱི་སྐད་ཆ་བཤད་རྒྱུར་འབད་པ་དང་། ཕ་མ་དང་དགེ་རྒན་གྱིས་རང་ལས་རྒན་པ་དང་། རང་ལས་མཐོ་བའི་མི་ལ་ཞེ་ཚིག་སྤྱད་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་བཟང་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་པ་བྱེད་དགོས། བོད་མིའི་ཡ་རབས་གོམས་སྲོལ་གྱི་སློབ་གསོའི་ཁྲོད་ཀྱི“སྙན་པར་སྨྲ་བ”ཞེས་པའི་ནང་དོན་ལག་བསྟར་བྱས་ནས། སྐད་ཆ་འཇམ་པོར་བཤད་རྒྱུར་གོམས་པ་དང་། ཕ་མ་དང་དགེ་རྒན་གྱིས་བརྩི་བཀུར་གྱི་ངག་ཚིག་བཤད་ནས་གཞན་གྱི་སྐད་ཆ་དགའ་སྤྲོའི་དང་ལེན་ཐུབ་པ་དང་། གཞན་གྱི་བཟང་ཆ་དང་ལེགས་ཆ་རྟོགས་ཚེ་དགའ་བ་འབུམ་གྱིས་བསྟོད་ཚིག་བསྒྲོན་ཏེ་ཡར་ཐོན་གྱི་མོས་པ་སྔར་བས་སྐྱེད་སྲིང་བྱེད་དགོས། དེ་བས་ཕ་མ་དང་དགེ་རྒན་གྱིས་བུ་ཕྲུག་དང་སློབ་མར་མི་གཞི་སྐྱོན་བརྗོད་དང་འཕྱ་སྨོད། དམའ་འབེབས་སོགས་ཀྱི་ཚིག་རྩུབ་རྩ་བ་ནས་བརྗོད་མི་རུང་། སྐྱོན་བརྗོད་ཐལ་དྲགས་ན་བྱིས་པར་རང་དམན་གྱི་ལྟ་བ་སྐྱེ་སྲིད། འཕྱ་སྨོད་མང་དྲགས་ན་བྱིས་པར་ཅི་བྱ་གཏོལ་མེད་ཀྱི་སེམས་ཁམས་སྐྱེ་སྲིད། དམའ་འབེབས་གཏོང་རྒྱུ་ལས་མ་ཤེས་ན་བྱིས་པར་གནོད་སེམས་བསྐྱེད་པ་ལས་གཞན་ཕན་པ་ཅི་ཡང་མི་འབྱུང་། ཕ་མ་དང་དགེ་རྒན་ནི་བྱིས་པའི་མིག་ནང་གི་མེ་ལོང་དང་འདྲ་བས། ཁ་འཇམ་ཚིག་སྙན་གྱིས་གུས་ལུགས་ཀྱི་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་རྒྱུ་གལ་ཆེན་ཡིན།
       མདོར་ན། “སྐྱ་མདོག་བྱུགས་ན་སྐྱ་མདོག་དང་། །སེར་པོ་བྱུགས་ན་སེར་པོ་བཞིན། །གཞན་བརྟེན་མི་ཡི་བྱ་སྤྱོད་དག །དེ་ཡི་རང་མདངས་འགྱུར་སླ་བས། །”ཞེས་པ་ལྟར་ཕ་མ་དང་དགེ་རྒན་གྱིས་ལག་རྡང་ཟུང་སྦྲེལ་དང་། དཔུང་པ་མཉམ་གཤིབ་ཀྱིས་མ་འོངས་པའི་གསར་སྐྱེས་མྱུ་གུ་དག་ལ་གཡུར་ཟའི་འབྲས་བཟང་དང་མི་གཞི་ཀུན་སྤྱོད་གཙང་བའི་སློབ་གསོ་ཞིག་མྱོང་ཐུབ་པའི་ཆེད་དུ། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་དགོས་ཤིང་སྒོ་གསུམ་གུས་པའི་ངང་ནས་སློབ་གསོའི་མཐར་ཐུག་ནི་མི་གཤིས་གསོ་བ་དང་སློབ་གསོའི་ཡང་རྩེ་ནི་མིག་དཔེ་སློབ་གསོ་ཡིན་པ་དེ་བརྗེད་མི་རུང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号