གསུང་རབ་ཁྲོད་ཀྱི་མི་ཚེའི་ལས་དབང་སྒྱུར་ཐབས་ཀྱི་གདམས་པ་འགའ།

སྔོ་དེའུ་སྒོམ་པ་བཀྲ་ཤིས།

1.འདུན་པ། «འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ལས།༼བཀའ་འགྱུར་མདོ་པོད།ག་བ།༽ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་ཞི་བ་ལྷའི«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ»ལས། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི། །རྩ་བ་མོས་པར་ཐུབ་པས་གསུངས། །ཞེས་གསུངས་ཤིང་། རྗེ་ཙོང་ཁ་བའི«ལམ་རིམ་ཆེན་མོར»། འདུན་པས་བརྩོན་འགྲུས་ཀྱི་རྟེན་བྱེད་པར་གསུངས་པས་འདིར་མོས་པ་ནི་འདུན་པའོ། །ཞེས་གསུངས་པ་ལྟར། འགྲུབ་པར་འགྱུར་བའམ་མངོན་དུ་འགྱུར་བར་རེ་བའི་དོན་ཆེ་ཆུང་གང་ཞིག་ཡིན་ཡང་དེ་འགྲུབ་པ་ལ་ཐོག་མར་དོན་གཉེར་གྱི་འདུན་པ་དགོས་ཏེ། འདུན་པའམ་མོས་པ་ཡོད་ན་ད་གཟོད་བརྩོན་འགྲུས་རྩོམ་པར་བྱེད་པས། མིག་རྒྱང་ཐུང་བ་དང་། འ་འུར་ཟང་ཟིང་ལ་མགོ་འཁོར་བ། གོ་མེད་ཚོར་མེད་དུ་ཉི་མ་འཁྱོལ་ཐབས་བྱེད་པ་སོགས་སྤངས་ནས། མི་ཚེའི་འདུན་པའམ་མོས་པ་ཡང་དག་པ་སྐྱེད་སྲིང་བྱ་རྒྱུ་ཅི་ནས་ཀྱང་གལ་ཆེའོ། །

ལྷག་པར་དུ་ན་གཞོན་སློབ་མ་ཞིག་ལ་མཚོན་ན། ཅི་ཐུབ་གང་ནུས་ཀྱིས་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག །མི་ཆོས་ཚན་རིག་བཅས་ཀྱི་ཤེས་བྱ་སྣ་ཚོགས་ཁོང་དུ་ཆུད་པར་བྱས་ཏེ། ཤེས་རྒྱ་ཅུང་ཟད་ཆེ་བ་གལ་ཆེན་ཡིན་ནའང་། «ལེགས་པར་བཤད་པ་རིན་པོ་ཆེའི་གཏེར»ལས། མཁས་པ་ཡོན་ཏན་ཀུན་བསླབ་པ། །མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། །བློ་ངན་ཤེས་པ་མང་ན་ཡང་། །རྒྱུ་སྐར་བཞིན་དུ་གསལ་མི་ནུས། །ཞེས་གསུངས་ཡོད་པས། ཆེད་ལས་ཀྱི་ཤེས་བྱ་སྣ་གཅིག་ཅུང་ཟད་གཏིང་ཟབ་མོར་སྦྱངས་ནས། མ་འོངས་པ་ན་རང་གཞན་གཉིས་ཀ་ལ་ཕན་པའི་རིག་ཚན་གང་རུང་ཞིག་གི་རིགས་གཅིག་རྐང་འཛིན་པར་ཅིས་ཀྱང་འགྱུར་བར་བྱའོ་སྙམ་པའི་འདུན་པ་ཤུགས་དྲག་ལ་རྒྱུན་རིང་བ་ད་ལྟ་ནས་བསྐྱེད་དགོས་སོ། །

2.སྙིང་སྟོབས། སློབ་དཔོན་ཐོགས་མེད་ཀྱིས། སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་བརླག །ཅེས་གསུངས། འདུན་པའམ་མོས་པ་ཡོད་པ་ཙམ་གྱིས་དོན་གང་ཡང་མི་འགྲུབ་པས། རང་ཉིད་རང་ལ་ཡིད་མི་ཆེས་པ་དང་སྤོབས་པ་ཆུང་བའི་སྐྱོན་སྤངས་ནས། དམིགས་བྱའི་དོན་དེ་བསྒྲུབ་པར་ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དགོས་ཤིང་། དོན་གང་དེ་ལེགས་འགྲུབ་འོང་བར་བྱེད་པའི་ཆོད་སེམས་དང་། འགྲན་རྩོད་སྣ་ཚོགས་ལ་གདོང་གཏོད་ཐུབ་པ། དཀའ་སྡུག་དང་ཕམ་ཁ་ལ་མི་སྐྲག་པ་བཅས་ཀྱི་སྙིང་སྟོབས་བསྐྱེད་དགོས། དེ་ལྟ་བུའི་སྙིང་སྟོབས་བསྐྱེད་པ་ལ། «སྤྱོད་འཇུག་ཆེན་མོ»ལས། ལས་དང་ཉོན་མོངས་ནུས་པ་སྟེ། །གསུམ་པོ་དག་ལ་ང་རྒྱལ་བྱ། །ཞེས་གསུངས་པའི་ང་རྒྱལ་ལམ་སྙིང་སྟོབས་དེ་བསྐྱེད་པར་བྱ་དགོས་ལ། དེ་ཡང་ལས་དང་ཉོན་མོངས་ནུས་པ་གསུམ་པོའི་ནང་གི་“ལས་ཀྱི་ང་རྒྱལ་”ནི་གཞན་སུ་ལའང་རེ་ལྟོས་མི་འཆའ་བར་རང་གིས་འབད་བརྩོན་བྱེད་པའི་སྙིང་སྟོབས་བསྐྱེད་པ་དང་། “ཉོན་མོངས་པའི་ང་རྒྱལ་”ནི་ཉོན་མོངས་པ་སྣ་ཚོགས་རྣམ་པ་ཐམས་ཅད་དུ་ཁྱད་དུ་བསད་ནས། བདག་གིས་ཀུན་ལས་རྒྱལ་བྱ་སྟེ། །བདག་ལས་སུ་ཡང་རྒྱལ་མི་བྱ། །ཞེས་གསུངས་པའི་སྙིང་སྟོབས་བསྐྱེད་དགོས།“ནུས་པའི་ང་རྒྱལ་”ནི་གཞན་གྱིས་མི་ནུས་པ་བདག་གིས་ཅིས་ཀྱང་ནུས་སོ་སྙམ་པའི་ང་རྒྱལ་ལམ་སྙིང་སྟོབས་བསྐྱེད་པའོ། །

3.བརྩོན་འགྲུས། «ལྷག་བསམ་བསྐུལ་བ»ཞེས་བྱ་བ་ལས། སྡུག་བསྔལ་ཀུན་དང་མུན་པ་སེལ་བྱེད་ཅིང༌། །ངན་སོང་ཡོངས་སུ་སྤོང་བའི་གཞིར་གྱུར་པ། །སངས་རྒྱས་ཀུན་གྱིས་བསྔགས་པའི་བརྩོན་འགྲུས་འཕགས། །གང་ཡིན་དེ་ནི་རྟག་ཏུ་བརྟེན་པར་གྱིས། །ཞེས་དང་། «མདོ་སྡེའི་རྒྱན»ལས། དགེ་བའི་ཚོགས་ཀྱི་ནང་ན་བརྩོན་འགྲུས་མཆོག །འདི་ལྟར་དེ་ལ་བརྟེན་ནས་དེ་རྗེས་འཐོབ། །བརྩོན་འགྲུས་ཀྱིས་ནི་མོད་ལ་བདེ་གནས་མཆོག །དངོས་གྲུབ་འཇིག་རྟེན་འདས་དང་འཇིག་རྟེན་གཏོགས། །བརྩོན་འགྲུས་ཀྱིས་ནི་སྲིད་སྤྱོད་འདོད་པ་འཐོབ། །བརྩོན་འགྲུས་ཀྱིས་ནི་དག་པ་རབ་འགྱུར་ལྡན། །བརྩོན་འགྲུས་ཀྱིས་ནི་འཇིག་ཚོགས་འདས་ནས་གྲོལ། །བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །ཞེས་དང༌། «ཕར་ཕྱིན་བསྡུས་པ»ཞེས་བྱ་བ་ལས། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་དང༌། སློབ་དཔོན་ཟླ་བ་གྲགས་པས། ཡོན་ཏན་མ་ལུས་བརྩོན་པའི་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །ཞེས་དང་། སློབ་དཔོན་ཞི་བ་ལྷས། རླུང་མེད་གཡོ་བ་མེད་པ་བཞིན། །བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་། །ཞེས་གསུངས་པ་ལྟར། བྱ་བ་ཆེ་ཆུང་གང་ཞིག་བསྒྲུབ་པར་བྱེད་ཀྱང་། ཨ་གསར་དང་། ལས་ལ་ངན། སྒྱིད་ལུག །ལེ་ལོ། དཀའ་ངལ་དང་འཕྲད་ན་བཟོད་བསྲན་ཆུང་བ་སོགས་སྤངས་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་དགོས་ཏེ། འདོད་དོན་གང་ཡང་རུང་བ་དེ་ཉིད་ལམ་ལྷོང་ལེགས་འགྲུབ་འོང་བ་ལྷོད་མེད་ཀྱི་བརྩོན་འགྲུས་ལྡན་པ་ལ་རག་ལས་སོ། །

4.ཤེས་རབ། སློབ་དཔོན་ཨཱརྱ་ཤཱུ་རས་མཛད་པའི«ཕ་རོལ་ཏུ་ཕྱིན་པ་བསྡུས་པ»ཞེས་བྱ་བ་ལས། ༼བསྟན་འགྱུར་མདོ། པོད་ཁི་བ།༽བརྩོན་འགྲུས་གཅིག་པུ་བྱས་པ་ངལ་བའི་མཐའ། །ཤེས་རབ་གྲོགས་ཀྱིས་བསྐྱངས་ན་དོན་ཆེན་འགྲུབ། །བསྒྲུབ་བྱའི་རྗེས་ལ་དེ་ཡི་ཡོན་ཏན་འཐོབ། །དེ་ལས་བྱུང་བའི་དུབ་པ་ཡོངས་སུ་སེལ། །ཞེས་དང་། བདེར་གཤེགས་སྟོབས་བཅུ་སྟོབས་ཀྱི་ཕུལ་བྱུང་བ། །མཚུངས་མེད་མཆོག་ཏུ་བྱ་བ་ཐམས་ཅད་དང༌། །ཡོན་ཏན་ཚོགས་གཞན་མ་ལུས་ཐམས་ཅད་ཀྱང༌། །དེ་འདྲའི་ཤེས་རབ་རྒྱུ་ལ་བརྟེན་ཅིང་འབྱུང༌། །འཇིག་རྟེན་དག་ན་སྒྱུ་རྩལ་གཏེར་མཆོག་དང༌། །གཙུག་ལག་མིག་འདྲ་ཇི་སྙེད་ཡོད་པ་དང༌། །ཡོངས་སུ་སྐྱོབ་བྱེད་བློ་དང་སྔགས་ལ་སོགས། །རྣམ་བཀོད་ཆོས་ཀྱི་ཁྱད་པར་ཐ་དད་དང༌། །རྣམ་གྲངས་རྣམ་མང་རྣམ་ཐར་སྒོ་དག་དང༌། །འཇིག་རྟེན་ཕན་པའི་རྣམ་པ་དེ་དང་དེས། །རྒྱལ་སྲས་མཐུ་ཆེན་རྣམ་པར་སྟོན་བྱེད་པ། །དེ་དག་ཐམས་ཅད་ཤེས་རབ་མཐུ་ལས་འབྱུང༌། །ཞེས་དང་། སློབ་དཔོན་ཞི་བ་ལྷས། དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང་། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པའི«ཚིགས་སུ་བཅད་པའི་མཛོད»ལས། ལོང་བ་གཉིས་ཏེ་དམུས་ལོང་དང་། །རིག་པ་མེད་པའི་ལོང་བ་འོ། །ཞེས་ཤེས་རབ་མེད་ན་ཤེས་བྱའི་གནས་ལ་ལྟ་བའི་མིག་དང་བྲལ་བའི་དམུས་ལོང་དང་འདྲ་བར་གསུངས་ཤིང་། སྡུག་སྤོང་བདེ་བསྒྲུབ་དང་འཕྲལ་ཡུན་གྱི་འདོད་དོན་འགྲུབ་པ་བླ་མེད་ཀྱི་ཤེས་རབ་སྟོབས་ལ་རག་ལས་པས། སློབ་སྦྱོང་མི་བྱེད་པ་དང་། བསམ་བློ་མི་གཏོང་བ། རྟོག་དཔྱོད་མི་བྱེད་པ་སོགས་ཀྱི་སྐྱོན་སྤོང་ཅི་ཐུབ་བྱས་ཏེ། རང་ཉིད་ལེགས་ཉེས་བླང་དོར་འབྱེད་ཤེས་ཤིང་། གསར་གཏོད་དང་གསར་སྐྲུན་གྱི་འཇོན་ཐང་ལྡན་པའི་མི་རྣམ་དཔྱོད་དང་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་ལྷོད་མེད་བྱེད་དགོས་སོ། །

སློབ་དཔོན་ཐོན་མིས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབ། །བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །ཞེས་འགོ་ཀློག་སློབ་པ་ནས་མཇུག་འབྲས་བུའི་ཆེད་དུ་དོན་ལ་དབབ་པའི་བར་གྱི་བསླབ་པའི་རིམ་པ་ཚང་མ་ཤེས་རབ་མྱུར་དུ་གྲོལ་བའི་རྒྱུ་རུ་གསུངས་པས། སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ནས་ཐོབ་པའི་ཤེས་ཡོན་དེ་རང་རྒྱུད་ཀྱི་ཉོན་མོངས་སྣ་ཚོགས་ཀྱི་གཉེན་པོར་འགྲོ་བ་དང་། རང་གི་ལེགས་བྱང་དང་འཇོན་ཐང་དུ་འགྱུར་བར་བྱ་བ་གལ་ཆེ་སྟེ། དེ་ཡང་དཔེ་ཆའི་ཐོག་གི་ཤེས་བྱ་རང་རྒྱུད་ཀྱི་ཤེས་ཡོན་དུ་འགྱུར་བར་བྱ་དགོས་ཤིང་། ཤེས་ཡོན་ཁོང་དུ་ཆུད་པ་ཙམ་གྱིས་མི་ཆོག་པར་ཤེས་ཡོན་དེ་ཉིད་ལེགས་ཉེས་བླང་དོར་ལ་མི་རྨོངས་པའི་ཤེས་རབ་ཀྱི་ངོ་བོར་བསྒྱུར་བ་དང་། ཤེས་རབ་དེ་ཡང་རིག་གནས་ཀྱི་ཁྱད་གཤིས་ཕུལ་དུ་བྱུང་བས་བསྐྲུན་པའི་མི་སྒེར་སོ་སོའི་རང་སྟེང་གི་ལེགས་བྱང་དང་། འཕྲལ་དང་ཡུན་གྱི་དོན་བསྒྲུབ་པའི་འཇོན་ཐང་དུ་འགྱུར་བར་བྱ་བ་གནད་ཀྱི་དོན་པོའོ། །

མི་རྣམས་བདེ་འདོད་སྡུག་བསྔལ་མི་འདོད་པ། །

མཚུངས་ཀྱང་དེ་ཉིད་བསྒྲུབ་དང་སྤོང་བ་ཡི། །

ཐབས་ལ་རྨོངས་པའི་གཉེན་པོ་ཤེས་རབ་སྟེ། །

སློབ་སྦྱོང་ཤེས་རབ་བསྐྱེད་པའི་རྒྱུ་རུ་དམིགས། །

གང་བསླབས་ཤེས་ཡོན་ནང་གི་རྨོངས་པའི་མུན། །

སེལ་བྱེད་ཤེས་རབ་སྒྲོན་མེར་འགྱུར་བྱ་ཞིང༌། །

དེ་ཡང་དོན་རྣམས་བསྒྲུབ་པའི་འཇོན་ཐང་དུ། །

འགྱུར་བར་བྱ་བ་གནད་གྱི་དོན་པོ་ཡིན། ། ཞེས་ཀྱང་བྱའོ། །

5.ལག་ལེན། སློབ་དཔོན་ཀླུ་སྒྲུབ་ཀྱིས«ཤེས་རབ་སྡོང་བུར» གླེགས་བམ་ལ་བཞག་རིག་པ་དང་། །གཞན་ལ་འཚོལ་བའི་ནོར་དག་ནི། །དགོས་པའི་དུས་ལ་བབ་པ་ན། །དེ་ནི་ནོར་མིན་རིག་པ་མིན། །ཞེས་དང་། གཞུང་ལུགས་དག་ལ་བྱང་བྱས་ཀྱང་། །ཉམས་སུ་ལེན་པར་མི་བྱེད་ན། །ལག་ན་སྒྲོན་མེ་ཡོད་ཀྱང་ནི། །ལོང་བས་ལམ་ནི་མཐོང་མི་འགྱུར། །ཞེས་གསུངས་ཤིང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ལུས་ཀྱིས་དེ་ལྟར་སྤྱད་པར་བྱ། །ངག་གིས་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་དང་། རྗེ་ཙོང་ཁ་བའི«ལམ་རིམ་ཆེན་མོར» བཤེས་གཉེན་གྱིས་གདམས་པའི་བླང་དོར་གྱི་གནས་རྣམས་ལ་ལག་ལེན་དུ་བྱེད་པ་སྟེ། དེ་ཡང༌བྱེད་པ་ལ་ཤེས་དགོས་ཤིང༌། དེ་ལ་ཐོས་དགོས་པ་དང༌། ཐོས་ནས་ཤེས་པར་བྱས་པའི་དགོས་པ་ཡང༌བྱེད་པ་ཡིན་པས། ཐོས་པའི་དོན་ལ་ནུས་པ་དང་བསྟུན་པའི་ལག་ལེན་རེ་གནད་དུ་ཆེའོ། །ཞེས་གསུངས་པ་ལྟར། བྱ་བ་གང་ཡང་ཁ་བཤད་ཙམ་གྱིས་ཅི་ཡང་མི་འགྲུབ་པས། སྟོང་འདང་དང་སྟོང་བཤད་ཀྱིས་ཉི་མ་ཕུད་པ་སྤངས་ཏེ། དུས་དང་རྣམ་པ་ཀུན་ཏུ་གང་ཐུབ་ཅི་ནུས་ཀྱིས་རང་རང་སོ་སོའི་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་། ལག་ལེན་གྱི་ཁྲོད་ནས་རང་རང་གི་ནུས་རྩལ་ཇེ་མཐོར་གཏོང་བ། ལག་ལེན་ལ་བརྟེན་ནས་རང་གི་འདུན་པ་མངོན་དུ་འགྱུར་བར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེའོ། །

མདོར་དྲིལ་ན། གོང་གི་འདུན་པ། སྙིང་སྟོབས། བརྩོན་འགྲུས། ཤེས་རབ། ལག་ལེན་དང་བཅས་པའི་དོན་ཚན་ལྔ་བོ་དེ་རྣམས་གང་ཐུབ་ཅི་ནུས་ཀྱིས་ཉམས་སུ་བླངས་ན། དེ་ལ་བརྟེན་ནས་མི་སོ་སོའི་གོམས་གཤིས་ལ་འགྱུར་བ་འབྱུང་སྲིད་ཅིང་།དེ་ལ་བརྟེན་ནས་སོ་སོའི་རང་གཤིས་ལ་འགྱུར་བ་ཐེབས་སྲིད། རང་གཤིས་ལ་འགྱུར་བ་བྱུང་བ་དེས་ནི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་སྲིད་པས། རང་གི་ལས་དབང་བསྒྱུར་བར་འདོད་ན་ཅིས་ཀྱང་འདུན་པ་སོགས་ལྔ་ལ་བློ་གོམས་པར་བྱའོ། །གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་སློབ་དཔོན་ཞི་བ་ལྷས་གསུངས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号