ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།
ཟླ3པའི་ཚེས19ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་རྩིས་བཤེར་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་གནང་བའི་ཚོགས་ཆེན་གྱི་དགོངས་དོན། ཙུང་ལི་ལི་ཆང་གིས་རྩིས་བཤེར་བྱ་བའི་སྙན་ཞུར་ཉན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་ཚོགས་འདུའི་དགོངས་དོན་སོགས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། 2025ལོའི་ལོ་འཁོར་མོའི་ཁུལ་རིམ་པའི་རྩིས་བཤེར་ལས་གཞི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། 2024ལོར་ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་པ། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་དང་ནོར་སྲིད་མ་དངུལ་བདེ་འཇགས་སྲུང་སྐྱོབ། དམངས་འཚོ་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱ་བ་གང་མང་ཞིག་བསྒྲུབས་ཡོད་པས་རྩིས་བཤེར་ལྟ་སྐུལ་གྱི་ཁྱབ་རྒྱ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩིས་བཤེར་གྱི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཏང་གིས་རྩིས་བཤེར་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྩིས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོའི་མྱུར་ཚད་དོ་དམ་དང་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། རྩིས་བཤེར་གྱི་གྲུབ་འབྲས་གལ་ཆེན་ཐད་ཀར་སྙན་ཞུ་བྱེད་པ། ཕན་འབྲས་འདྲི་རྩད་སོགས་ཀྱི་དོ་དམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་རྩིས་བཤེར་ལས་གཞི་འཆར་གཞིའི་འབྱུང་ཁུངས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་འཁོར་མོའི་རྩིས་བཤེར་ལས་གཞིའི་སྤུས་ཚད་དང་གྲངས་ཚད་འགན་ལེན་བྱས་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་དགོས། ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་བའི་མཉམ་འབྲེལ་ཚོགས་འདུའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཐབས་ཇུས་བློ་འདྲི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཁོངས་མིའི་སྡེ་ཁག་འཕྲེད་ཕྱོགས་སུ་འབྲེལ་མཐུད་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྩིས་བཤེར་ལས་ཁུངས་གཞུང་ཕྱོགས་སུ་འབྲེལ་མཐུད་བྱེད་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དང་ཕན་ནུས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་རྩིས་བཤེར་ལྟ་སྐུལ་གྱི་ཕན་ནུས་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ནས་ནོར་སྲིད་རྩིས་བཤེར་ལ་སྐུལ་འདེད་གཏོང་བ་དང་། ནོར་སྲིད་སྒྲིག་ཁྲིམས་ཀྱི་གཟབ་ནན་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། དམངས་འཚོ་ཁྱབ་ཁོངས་ཀྱི་རྩིས་བཤེར་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་རང་བྱུང་ཐོན་ཁུངས་ཀྱི་རྩིས་བཤེར་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས། ཁུལ་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་འགན་འཁྲི་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་ལེགས་པར་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། ཐབས་མང་མཉམ་སྤྱོད་བྱས་ཏེ་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་གཏིང་ཟབ་ཏུ་གཏོང་བ་དང་། “འགག་རྩའི་ཉུང་ཤས”ལ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་དང་དབང་ཆ་སྤྱོད་པ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གསུམ་ནས་རྩིས་བཤེར་གྱི་གྲུབ་འབྲས་ཕན་ནུས་ཆེ་བའི་སྒོ་ནས་བེད་སྤྱོད་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བཅོས་སྒྲིག་བྱ་བའི་ནུས་ཤུགས་གཅིག་སྒྲིལ་གང་ལེགས་དང་འབྲེལ་མཐུད་མཉམ་འགུལ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཐུན་སྦྱོར་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། སྒྲིག་ཨུ་དང་སྐོར་ཞིབ་སོགས་སྡེ་ཁག་གིས་རྩིས་བཤེར་སྡེ་ཁག་དང་མཐུན་སྦྱོར་མཉམ་ལས་ལམ་སྲོལ་སྔར་ལས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བཅོས་སྒྲིག་སྡེ་ཁག་གི་བྱེད་པོའི་འགན་འཁྲི་དང་རྩིས་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་འགན་འཁྲི་སྔར་ལས་སྲ་བརྟན་དུ་གཏོང་བ་དང་རྩིས་བཤེར་གནད་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་རྩིས་བཤེར་སྣ་ཚོགས་ཀྱིས་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རང་འགུལ་ངང་རྩིས་བཤེར་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། ཁྲིམས་ལྟར་རང་འགུལ་ངང་རྩིས་བཤེར་ལྟ་སྐུལ་དང་ལེན་བྱས་ཏེ་རྩིས་བཤེར་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་ཏན་ཏིག་བསྒྱུར་དགོས། ཁུལ་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་པ་དང་། བསམ་བློ་ཞུན་བརྡར་དང་ཆབ་སྲིད་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར། རྩིས་བཤེར་ལག་ལེན་སྦྱོང་བརྡར་བཅས་ལ་ཤུགས་བསྣན་ནས་ཆབ་སྲིད་ཕུལ་དུ་བྱུང་བ་དང་ནུས་པ་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་རྩིས་བཤེར་དཔུང་ཁག་ཅིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཟེར།
ཁུལ་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོ་སོ་ཚོགས་འདུར་ཞུགས་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི(སྡེ་ཁག)འགན་འཁུར་བ་གཙོ་བོ་ཚོགས་འདུར་ཟུར་ཞུགས་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注