མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས། མི་ཚེ་ཡི་ཆེས་དུས་སྐབས་ཡག་ཤོས།
2025ལོའི"མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་མུ་འབྲེལ་བྱེད་སྒོ་སྤེལ་མགོ་བརྩམས་པ།
རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ངོ་མཚར་ཆེ་བའི་སྣང་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞི་ཚུགས་ཏེ་མཚོ་བྱང་ཁུལ་གྱི2025ལོའི་དཔྱིད་དུས་ཡུལ་སྐོར་གྱི"མེ་མདའ་དང་པོ"བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ3པའི་ཚེས20ཉིན། "མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས། མི་ཚེ་ཡི་ཆེས་དུས་སྐབས་ཡག་ཤོས། "ཞེས་པ་བརྗོད་དོན་ཡིན་པའི2025ལོའི"མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཆེན"སྐབས་དང་པོའི་མུ་འབྲེལ་བྱེད་སྒོ་སྤེལ་མགོ་བརྩམས་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་རེད། ཐེངས་འདིའི་བྱེད་སྒོ་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགན་སྒྲུབ་བྱས་ལ། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རོགས་སྒྲུབ་བྱས།
ཐེངས་འདིའི་མགོ་རྩོམ་མཛད་སྒོ་དེ་རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ(རྟ་ཕྱུག་ལབ་ཙེ)དང་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ་དུས་མཉམ་དུ་འཚོགས་པ་རེད།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས། མཚོ་སྔོན་དགེ་འོས་སློབ་ཆེན། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་དམངས་ཆེན་གྱི་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན། ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ལྷན། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་སྨྱན་སྦྱོར་ལས་ཁུངས་དང་དེ་བཞིན་ཞིང་ཆེན་གྱི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ། སྤུན་ཟླའི་ཆུས་དང་རྫོང་། དེ་བཞིན་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་འགན་འཁུར་བ་བཅས་སོ་སོར་ས་གནས་གཉིས་ཀྱི་མགོ་རྩོམ་མཛད་སྒོར་ཞུགས།
ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདའ་བཞིའི་ཚོགས་རར་སྐུ་མགྲོན་དང་མཉམ་དུ་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་ལྟ་བ།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན་གྱིས་རྐང་ཚའི་ཚོགས་རའི་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན་གྱིས་མདའ་བཞིའི་ཚོགས་རའི་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་སངས་འབུམ་གྱིས་རྐང་ཚའི་ཚོགས་རར་ཤིས་ཚིག་ཕུལ།
ཁུལ་དཔོན་གཞོན་པ་མ་རུའུ་ཞང་གིས་མདའ་བཞིའི་ཚོགས་རར་ཤིས་ཚིག་ཕུལ།
མདའ་བཞི་རྫོང་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་རུ་ཀན་སུའུ་དང་མཚོ་སྔོན་གྱི་ཡུལ་སྐོར་ལས་དོན་ཁང་གི་འཐུས་མི30གདན་ཞུ་བྱས་ནས་སྨོན་ལམ་མཐོན་པོར་ལྟ་སྐོར་ཉམས་ལེན་བྱས་པར་མ་ཟད། ཡུལ་དངོས་སུ་མཚོ་བྱང་དང་མདའ་བཞི་རྫོང་དུ་ཡུལ་སྐོར་བ་ནང་འདྲེན་བྱེད་པར་བྱ་དགའ་སྤྲོད་པའི་སྲིད་ཇུས་ངོ་སྤྲོད་དང་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལམ་ཐིག་སྤུས་ལེགས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་གྲོས་མཐུན་མཉམ་ལས་ལ་གན་རྒྱ་བཞག བྱེད་སྒོའི་ཡུལ་དངོས་སུ་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན་གྱི་ཁྱམས་རིང་བཙུགས་ནས་པགས་པ་དར་བའི་ནང་དུ་བསྙལ་བའི་ལག་རྩལ་དང་མདའ་བཞིའི་རྒྱབ་ཚང་ལག་ཤེས་ཀོ་བཟོ། རྨ་ཙོང་འཚེམ་དྲུབ། སོག་པོའི་རྒྱན་གོས་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ཐོན་སྐྱེད་འཚོ་བ་མཚོན་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་འགྲེམས་སྟོན་བྱས་པར་མ་ཟད་འགྲེལ་བཤད་དང་འགྲེམས་སྟོན་ཞིབ་ཚགས་བྱས། ད་དུང་ཡུལ་དངོས་སུ་མདའ་བཞིའི་རང་བྱུང་མཛེས་ལྗོངས་དང་མཚོ་སྔོན་པོའི་ཞལ་སྒོ་ཕྱེ་བའི་མཛེས་ལྗོངས་བརྗོད་དོན་བྱས་པའི་པར་ལེན་འགྲེམས་སྟོན་འཚོགས། གཞན་ཡང་སྒར་གཞི་བཅུ་གཉིས་པའི་གསར་བརྗེའི་ཉམས་ཞིབ་བྱ་ཡུལ་དུ་ཡུལ་སྐོར་འཚོ་བའི་ཡུལ་ལྗོངས་འགྲེམས་སྟོན་བྱས་པར་མ་ཟད། ད་དུང2025ལོའི“སྒར་གཞི་བཅུ་གཉིས་རྟགས་མའི”མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་གྱི་ལིང་གྱོ་རྒྱའི་རྟ་རྒྱུག་འགྲན་སྡུར་སྤེལ།
དེ་དང་ཆབས་ཅིག རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་པར་ལེན་འགྲེམས་སྟོན་ཐོག་མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ས་གནས་དེ་གའི་དམངས་སྲོལ་གོམས་གཤིས་ཕྱོགས་ཡོངས་ནས་མངོན་ཞིང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་དང་འཁྲབ་སྟོན་ལས་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་མངོན་ཡོད། ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན་གྱིས་མཉམ་དུ་གར་སྟེགས་སྟེང་ཕེབས་ནས“མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཆེན”གྱི་མུ་འབྲེལ་བྱེད་སྒོ་དངོས་སུ་སྤེལ་མགོ་བརྩམས་ཤིང་། ཁུལ་མི་རིགས་གླུ་གར་ཚོགས་པ་དང་རྐང་ཚ་རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་མཚོ་བྱང་གི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས་བྱེད་སྒོར་གསོན་ཤུགས་བསྩལ། དེའི་རྗེས་སུ། ཚོགས་ཞུགས་སྐུ་མགྲོན་གྱིས་དར་སྤུང་ལ་ལྟ་བ་དང་དར་ཁྱམས་ལ་ཉུལ་ནས་རྟོག་ཞིབ་ལྟ་སྐོར་བྱས། གཞན་ཡང་། ཞིང་ཆེན་ཡོངས་དང་རྐང་ཚ་རྫོང་ནས་ཡོང་བའི་ལྕགས་རྟ་ཞོན་པར་དགའ་མཁན150ལྷག་རྐང་ཚ་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་ནས་བྱ་གླིང་བར་གྱི་ལྕགས་རྟར་ཞོན་པའི་བྱེད་སྒོར་ཞུགས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི“མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་དུས་ཆེན”གྱི་མུ་འབྲེལ་བྱེད་སྒོ་ཟླ5པའི་ཟླ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་ཡིན་ཞིང་། དེའི་རིང་མདའ་བཞི་དང་རྐང་ཚ་རྫོང་གཉིས་ཀྱིས“གསར་བརྗེའི་རྗེས་ཤུལ་འཚོལ་སྙེག་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི”སྒར་གཞི་བཅུ་གཉིས་པའི་གསར་བརྗེའི་ཉམས་ཞིབ་སློབ་ཚན་དང་པོ་དང་། བྱེ་མ་གསེར་ལྡན་སྒོ་འབྱེད་མཛད་སྒོ། མཚོ་སྔོན་པོའི་མཚོ་མཆོད་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ། སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་དང་རིག་གནས་བྱེད་སྒོ། རྐང་བགྲོད་བྱེད་སྒོ། མཚོ་སྔོན་པོའི་རིག་གནས་བཞུགས་མོལ་ཚོགས་འདུ། བྱ་གཟིགས་འགྲན་སྡུར་བྱེད་སྒོ། གསེར་ཉའི་ཐད་གཏོང་བྱེད་སྒོ། སྐྱེ་ཁམས་པར་ལེན(བརྙན)འགྲེམས་སྟོན་སོགས་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད། བྱེད་སྒོ་འདི་དག་སྤེལ་བ་བརྒྱུད། མཚོ་བྱང་གི་ཕུན་སུམ་ཚོགས་པའི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཡུལ་སྐོར་ལས་རིགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མངའ་ཁོངས་ཡོངས་ཀྱི་དུས་བཞིའི་ཡུལ་སྐོར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ངོ་མཚར་བའི་ལྟད་མོ་དང་མཚོ་སྐོར་བྱང་ངོགས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་ལ། རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་བགྲོད་ལམ་བསྐྲུན་ཏེ་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དམངས་ཕན་དམངས་ཕྱུག་གི་དཔལ་འབྱོར་ཕན་འབྲས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཡུལ་སྐོར་ལས་རིགས་དེ་ས་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་བདེ་སྐྱིད་ཐོན་ལས་ཤིག་ཏུ་འགྱུར་བར་བྱ་རྒྱུ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注