ཤ་བོ་སྐྱབས་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཚན་ཁག་གི་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་སྐབས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་འགན་འཁྲི་གསར་པ་མངོན་པ་དང་ལེའུ་གསར་པ་འབྲི་དགོས་པ་ནན་གྱིས་བསྟན།

ཟླ2པའི་ཚེས25ཉིན།   ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཚན་ཁག་གི2024ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་སྟེ་ནན་གྱིས་བསྟན་དོན། ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་དང“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་སོགས་གཙོ་གནད་བྱ་བ་ལེགས་པོར་སྒྲུབ་པ་དང་། ཏན་ཏན་ཏིག་ཏིག་གིས་དམངས་གཙོ་འཚོ་བའི་ཚོགས་འདུའི“མཇུག་གི་ལེ་ཚན”ལེགས་པོར་བསྒྲུབ་དགོས་པ་དང་། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་འགན་འཁྲི་གསར་པ་མངོན་པ་དང་ལེའུ་གསར་པ་འབྲི་དགོས་ཟེར།    

ཚོགས་འདུའི་ཐོག་གྲོང་རྡལ་ཏང་ཨུའི་ཚན་ཁག་གི2023ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བཅོས་སྒྲིག་དོན་འཁྱོལ་བྱས་པའི་གནས་ཚུལ་དང2024ལོའི་ལོ་འཁོར་མོའི་དམངས་གཙོ་འཚོ་བའི་ཚོགས་འདུ་དང་སྐོར་ཞིབ་བཅོས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་དང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་བརྡ་བཏང་། འོམ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅིས་གྲོང་རྡལ་ཏང་ཨུའི་ཚན་ཁག་གི་ཚབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་བྱས་ཤིང་། ཚན་ཁག་གི་ཁོངས་མིས་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་དང་རང་སྐྱོན་རང་བརྗོད། ཕན་ཚུན་ལ་སྐྱོན་བརྗོད་དང་བསམ་འཆར་བཏོན།    

ཤ་བོ་སྐྱབས་ཀྱིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་བསྟན་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུའི་གྲ་སྒྲིག་བྱ་བ་ཏན་ཏིག་དང་སློབ་སྦྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཡིན་ལ། དབྱེ་ཞིབ་གཏིང་ཟབ་དང་ཁ་གསལ་བ། སྐྱོན་བརྗོད་ལྷག་བསམ་ཟོལ་མེད་ཡིན་པ། གྱོད་དཔེར་དབྱེ་ཞིབ་བྱས་པ་གཏིང་ཟབ་པ། བཅོས་སྒྲིག་བྱེད་ཐབས་དངོས་སྒྲུབ་བཅས་ཡིན་པས་སྔོན་དཔག་གི་དམིགས་འབེན་ལ་སླེབས་ཡོད་པ་དང་སྤུས་ཚད་མཐོ་བའི་ཕན་འབྲས་བཟང་པོ་ཐོན་ཡོད། འོམ་ཆུ་གྲོང་རྡལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་གཟིགས་ཞིབ་ལ་ཕེབས་པའི་ས་ཆ་ཡིན་པས་ཁུལ་ཡོངས་ཀྱི་མི་དམངས་ཀྱིས་རེ་བ་ཆེན་པོ་བཅོལ་ཡོད། འདས་ཟིན་པའི་ལོ་གསུམ་ནང་། འོམ་ཆུ་གྲོང་རྡལ་གྱིས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། དཀོན་ལོ་གོང་མ་སྡེ་བའི་ལོ་རྒྱུས་ཁང་བསྐྲུན་པ་དང་། དཀོན་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་པ་ཏྲ་ཧེ་སྤུས་ལེགས་སྦི་རག་བཟོ་གྲྭ་བཙུགས་པར་མ་ཟད། ཟི་ལིང་སོགས་ཞིང་ཆེན་ཕྱི་ནང་གི་གྲོང་ཁྱེར་དུ་མཚོ་སྔོན་པོའི་སྐམས་ལུག་ཤའི་ཐད་གཉེར་ཚོང་ཁང5བཙུགས་ཡོད། ཆུ་ཤར་སྡེ་བའི་སྐྱེ་ཁམས་གླིང་བདེ་བླག་ངང་སྦྲ་ཚང་སྨུག་པོའི་གསོལ་སྟོན་ལྟེ་གནས་ལ་ཕྱོགས་བསྒྱུར་རིམ་སྤོར་བྱས་ཏེ་བེད་སྤྱོད་བྱས་ཤིང་། གྲང་མཛོད་དང་གྲང་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ་གྲོང་རྡལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར8%འཕར་བ་དང་། དབུལ་ཐར་མི་འབོར་གྱི་ཡོང་འབབ་ལོ་རེར12%འཕར་ཞིང་།    སྡེ་བ7གྱི་ཐུན་མོང་དཔལ་འབྱོར་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི83.72ཟིན་ནས་ལོ་རེར15%འཕར་ཡོད། དཀོན་ལོ་གོང་མ་སྡེ་བ་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཐུན་མོང་སོགས་སུ་བདེ་བླག་ངང་བསྐྲུན་པ་དང་། “ཞབས་རྗེས་སྙེག་བཞིན་འཕོ་འགྱུར་ལ་ལྟ་བ་དང་བོད་མཁར་རྐང་ཚའི་སེམས་འདུན་ཟབ”ཅེས་པའི་རྒྱལ་ཡོངས་སྨྱན་སྦྱོར་མཚོ་སྔོན་རྐང་ཚར་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་ཞིང་། རོང་འབྲོག་པའི་ཐོབ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གྲུབ་འབྲས་ཁག་ཚང་མ་མིག་མཐོང་ལག་ཟིན་ཡིན། ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་བརྒྱུད་དེ་ལས་སྒྲུབ་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་བྱས་ཏེ་འོམ་ཆུ་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།        

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པའི་ཐད་སྣེ་ཁྲིད་ཡག་པོ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་དྲིན་ཤེས་བསམ་པ་དེ་བློ་དཀར་གྱི་འདུན་པ་དང་འབད་བརྩོན་གྱི་སྟོབས་ཤུགས། དངོས་སྒྲུབ་ཀྱི་བྱ་སྤྱོད་བཅས་སུ་ཏན་ཏིག་བསྒྱུར་ཏེ། སྤུས་ཚད་མཐོ་བ་དང་བླང་བྱ་ནན་ཏན་གྱིས་བསམ་ཕྱོགས་གསལ་བ་དང་བྱེད་ཐབས་ཞིབ་ཕྲ་བཅས་བྱས་ནས། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མཐུན་སྒྲིལ་སྐུལ་འདེད་དང་འཕེལ་རྒྱས་འཚོལ་ཞིབ། སྔོན་ཐོན་བརྩོན་ལེན་བཅས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་དངོས་འདོན་དགོས། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”དང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་སོགས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་དམིགས་ནས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ་དང་མཚོ་སྔོན་པོར་དམིགས་ནས་ཆས་རྟགས་བཟང་བོ་བསྐྲུན་པ། “པ་ཏྲ་ཧེ”སྦི་རག་དུས་ཆེན་དང་ཁྱད་ལྡན་ཞིང་ཕྱུགས་རིག་གནས་གསར་གཏོད་ཐོན་རྫས་ངོ་སྤྲོད་ཚོགས་འདུ་སོགས་ཁྱད་ཆོས་ལྡན་པའི་བྱེད་སྒོ་ཡག་པོར་གཉེར་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། ངལ་རྩོལ་གྱི་ལག་པར་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱས་ཏེ་ཐང་ཀ་དང་རྡོ་བརྐོས། འཚེམ་དྲུབ། ནོར་རྭ་ལས་སྣོན་སོགས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་དང་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་སོགས་རོགས་སྐྲུན་ལས་ཁུངས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ལས་གཞི་སྣ་ཚོགས་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནས་ཐོག་མཐའ་བར་གསུམ་དུ་ཏང་དོ་དམ་ནན་མོ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། དཔེ་མཚོན་གྱོད་དཔེས་ཉེན་བརྡ་གཏོང་བའི་སློབ་གསོ་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས་པ་དང་གྱོད་གཞིར་བརྟེན་ནས་བཅོས་བསྒྱུར་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། “གལ་ཆེན་གསུམ་དང་ཆེ་བ་གཅིག”གི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱེད་པ་དང“དབྱེ་འབྱེད་གསུམ”རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པར་གཅེས་སྐྱོང་དང་སེམས་ཁུར་ཡག་པོ་བྱས་ནས་ལས་བྱེད་པར་རང་གཅུན་ནན་མོ་དང་ལྷག་བསམ་རྣམ་དག འགན་འཁུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། བཞི་ནས་དངོས་སྒྲུབ་འགན་འཁུར་ཐད་དོན་དངོས་མངོན་དགོས། ཡུལ་ཚོ་དང་གྲོང་རྡལ(སྡེ་བ་དང་སྡེ་ཁུལ)གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དཀོན་ལོ་གོང་མ་སྡེ་བ་སོགས་ས་འོག་སྦུག་ལམ་བེད་སྤྱོད་ཡག་པོ་བྱས་ནས་སྡེ་བའི་ནང་སྔོ་ལྗང་དང་མཛེས་སྤྲས། དཀར་གསལ་བཅས་དམ་འཛིན་ཡག་པོ་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་ཁང་ཀླད་འོད་ཤུགས་ལས་གཞི་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ནོར་ལུག་ཕྱིར་བཙོང་ཁ་གསབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རོང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བའི་ཐད་ཧུར་བརྩོན་རང་བཞིན་སྐུལ་འདེད་གཏོང་དགོས། ཐོན་ཁུངས་བཀོལ་སྤྱོད་དང་བེད་སྤྱོད་བྱ་བ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་སྔོ་ཚལ་རྟེན་གཞིའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་བར་སྔར་བས་སྐུལ་འདེད་བཏང་ནས་ཐོན་ཁུངས་དང་རྒྱུ་ནོར་ནུས་ལྡན་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར། 

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号