མཚོ་བྱང་ཁུལ་གྱི་དགུན་དུས་འགུལ་སྐྱོད་ཀྱིས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་འདེད་སྤྲོད་བྱས།

དགུན་དུས་ཀྱི་འགུལ་སྐྱོད་སྤེལ་བའི་ཚུན་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་ཟླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་དགུན་དུས་འགུལ་སྐྱོད་སྤེལ་ནས། ཞིང་བ་ཞོར་ལས་པའི་མི་ཚོགས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་དང་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྲུང་སྐྱོབ་པ་བྱས་ལ། ཁུལ་ཡོངས་ནས་བསྡོམས་པས་ཟླ་ཕོགས་ཆད་འཇོག་གི་གནད་དོན་ཉེར་བདུན་ཐག་བཅད་དེ། ཞིང་བ་ཞོར་ལས་པ་བརྒྱ་དང་ཉེར་བརྒྱད་ལ་ཟླ་ཕོགས་སྒོར་ས་ཡ་གཅིག་དང་འབུམ་བདུན་ཁྲི་དྲུག་སྟོང་དྲུག་དགུ་བརྒྱ་འདེད་སྤྲོད་བྱས།

འགུལ་སྐྱོད་སྤེལ་སྐབས། མཚོ་བྱང་ཁུལ་གྱིས་ཟླ་ཕོགས་ཆད་འཇོག་བཅོས་སྐྱོང་གི་དགུན་དུས་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི་གཏན་འབེབས་པར་འགྲེམ་བྱས་པ་དང་། མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་མཚོ་བྱང་ཁུལ་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའུ་དང་མཉམ་དུ་ཡུལ་དངོས་ལ་སོང་ནས། མཚོ་བྱང་ཡོངས་སུ་ཁེབས་པའི་ཟླ་ཕོགས་ཆད་འཇོག་གནད་དོན་ལ་གྲལ་བཤེར་བྱེད་པའི་བྱ་བ་སྤེལ། བཟོ་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཆུ་བེད་སོགས་ངལ་རྩོལ་འདུས་ཚད་མཐོ་བའི་ལས་རིགས་དང་། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་ཀྱི་ལས་གཞི་གཙོ་བོ་དང་ཁེ་ལས་གཙོ་བོར་ཞིབ་བཤེར་བྱས་པ་དང་། བསྡོམས་པས་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི་བཅུ་གསུམ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། ཁེ་ལས་བཅུ་གསུམ་ལ་ཞིབ་བཤེར་བྱས་ནས། ལས་བཀོལ་མི་གྲངས་དང་ཟླ་ཕོགས་སྟེར་བའི་གནས་ཚུལ། དངུལ་རྩ་གཏོང་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ཟླ་ཕོགས་ཆད་འཇོག་གི་གནད་དོན་ཡོད་པའི་རྒྱལ་དབང་ཁེ་ལས་ཀྱི་འགན་ཁུར་མི་སྣར་གླེང་མོལ་བྱས་པ་དང་། སྲིད་གཞུང་གི་དངུལ་གཏོང་བྱས་པའི་ཟླ་ཕོགས་ཆད་འཇོག་ཁེ་ལས་གསུམ་ལ་གསལ་འདེབས་ཡི་གེ་བསྐུར།

དེ་དང་མཉམ་དུ། བརྗེ་རེས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་། ལས་རིགས་ནང་གི་ཟླ་ཕོགས་ཆད་འཇོག་གི་ཉེན་ཁའི་ཡོད་སར་དབྱེ་ཞིབ་བྱས་ལ། གནད་ཕིགས་ཞིབ་གཅོད་བྱས་པར་མ་ཟད་འགོག་སྡོམ་བྱེད་ཐབས་གཏན་འབེབས་བྱས། ཞིང་བ་ཞོར་ལས་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ལྗང་མདོག་བགྲོད་ལམ་གེགས་མེད་ཡོང་བར་བྱས་པ་དང་། སྔོན་དུ་སྣེ་ལེན་དང་སྔོན་དུ་བདག་སྤྲོད། སྔོན་དུ་ཞིབ་བཤེར། སྔོན་དུ་མངག་གཏོང་བྱེད་པའི་སྔོན་བཞིའི་རྐྱེན་སྲོལ་བརྒྱུད་དེ། དུས་ཐོག་ནུས་ལྡན་གྱི་ཞབས་ཞུ་འདོན་སྤྲོད་བྱས། ལྷག་པར་དུ་ཟླ་ཕོགས་ཆད་འཇོག་དང་ངལ་རྩོལ་གྱི་འགལ་རྩོད་དང་འབྲེལ་བའི་གྱོད་གཞི་ཁྲོད། མཚོ་བྱང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཆ་རྐྱེན་དང་མཐུན་པའི་རྩོད་གཞི་གྱོད་དོན་མྱུར་དུ་ཐོ་འགོད་དང་མྱུར་དུ་ཞིབ་བཤེར། མྱུར་དུ་ཐག་གཅོད་བྱས་པ་དང་། བར་འདུམ་གཙོར་འཛིན་པ་དང་གཅོད་འདུམ་ཟུང་འབྲེལ་བྱས་པའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྟབས་བདེ་དང་མགྱོགས་མྱུར། སྤུས་ལེགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号