“ལྷ་ཁམས་སྤྲོ་བས་སྐོར། གངས་འཁྱགས་མདོ་ལའི་ཡུལ”ཞེས་པའི་ལོ་གསར་དགའ་རོལ་མཚན་མོ་དང་བླ་མཚོ་འཁྱགས་གྲུག་གདན་ཞུའི་འགྲན་སྡུར་བདེ་བླག་ངང་འཚོགས།

ལོ་གསར་བསུ་བའི་གྲ་སྒྲིག་རོལ་མོ་མདོ་ལ་རིང་མོའི་གངས་འཁྱགས་འཇིག་རྟེན་ནས་གྲགས་ཤིང་། འུར་འུར་དགོང་དུ་མཆེད་པའི་མེ་ལྕེ་དང་ལྷན་དུ་ཞིང་ཆེན་ཕྱི་ནང་གི་རིགས་སོ་སོའི་མི་དམངས་རྣམས་ལྷན་ཅིག་འཛོམས་ཤིང་དགའ་བདེ་དཔལ་ལ་རོལ་ནས་ལོ་གསར་བ་བསུས། ཟླ12པའི་ཚེས31ཉིན། ཀྲུང་གུང་མདོ་ལ་རྫོང་ཨུ་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མདོ་ལ་རྫོང་རིག་གནས་གནས་སྐོར་རྒྱང་བརྙན་ཅུ། ཟི་ལིང་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་མདོ་ལ་ཐོར་དམག་ཚོ་བ་རིག་གནས་གནས་སྐོར་གསར་སྤེལ་ཚད་ཡོད་ཀུང་སིས་འགན་སྒྲུབ་བྱས་པའི“ལྷ་ཁམས་སྤྲོ་བས་སྐོར། གངས་འཁྱགས་མདོ་ལའི་ཡུལ”ཞེས་པའི་ལོ་གསར་དགའ་རོལ་མཚན་མོ་དང་བླ་མཚོ་འཁྱགས་གྲུག་གདན་ཞུའི་འགྲན་སྡུར་གཟབ་རྒྱས་ངང་མགོ་བརྩམས།

རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ། རྫོང་དཔོན་ཚབ་མ་དམེ་རྒྱལ་མཚན། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲེང་ཧུའེ་སོགས་ཁྱིམ་སྡོད་རྫོང་རིམ་པའི་འགོ་ཁྲིད་བྱེད་སྒོ་ལ་ཞུགས།

དམེ་རྒྱལ་མཚན་གྱིས་མཛད་སྒོའི་སྟེང་ཡིད་སེམས་རབ་ཏུ་གསོ་བའི་ཤིས་ཚིག་ཕུལ། རྫོང་གི་ཚན་ཁག་ཆེན་མོ་བཞི་དང་རྫོང་ཡོངས་ཀྱི་རིགས་ཁག་ལས་བྱེད་མང་ཚོགས་ཀྱི་ཚབ་བྱས་ནས་མཛད་སྒོའི་སྟེང་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན་ཡོངས་ལ་དགའ་བསུ་ཚད་མེད་བྱས། མདོ་ལའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཡུན་རིང་པོར་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་ལ་ལྷག་བསམ་རྣམ་དག་གི་བཀའ་དྲིན་ཞུས། རྫོང་ཡོངས་ཀྱི་འཐབ་ར་དང་པོའི་མདུན་ས་ན་འབད་འབུངས་བྱེད་བཞིན་པའི་ལས་བྱེད་མང་ཚོགས་ལ་བླ་མེད་ཀྱི་གུས་འདུད་ཞུས།

དམེ་རྒྱལ་མཚན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ། མདོ་ལ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དུང་ཕྱུར་གསུམ་གངས་འཁྱགས་རྩལ་སྦྱང་ཁྲོད་ཞུགས་པར་ཁྲིད་དགོས་པ”ཡི་གལ་ཆེའི་མཛུབ་སྟོན་དགོངས་པ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་དང་། “གངས་འཁྱགས་རི་ཀློང་ཡང་གསེར་རི་དངུལ་རི”ཡིན་པའི་འཕེལ་རྒྱས་འདུ་ཤེས་ཀྱི་ལག་ལེན་གསོན་པོ་ལག་བསྟར་བྱས། མདོ་ལ་ཡི་རི་ཆུ་ནགས་གསུམ་གངས་ཀྱིས་བཟུང་བའི་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་ས་ཁོངས་དང་ལོ་རྒྱུས། མི་ཆོས་སོགས་གངས་འཁྱགས་རིག་གནས་དང་གཏིང་ཟབ་མཉམ་འདྲེས་སྒོས་རིག་གནས་ནི་གངས་འཁྱགས་གནས་སྐོར་གྱི་ནང་རྫོང་དང་གངས་འཁྱགས་གནས་སྐོར་ལ་བརྟེན་ནས་རིག་གནས་རིན་ཐང་ཕྱིར་མཚོན་བྱེད་དགོས། གྲོང་གསེབ་གནས་སྐོར་དགུན་ཤའི་ཟས་མཆོག་དུས་སྟོན་དང་མདོ་ལར་བསྟོད་པ་ཡི་ཁུར་འཛིང་འགྲན་སྡུར། ནགས་ཀློང་རྐང་བགྲོད་བྱེད་སྒོ། བློན་པོ་བྱ་རྒོད་ལྗོངས་ཁུལ་དུ་ཉི་ཤར་ལ་ལྟ་བ། མདོ་ལ་རིང་མོའི་དགུན་རྣམ་པར་ལེན་འགྲན་སྡུར། དུས་ཆེན་གལ་ཆེན་གྱི་སྲོལ་རྒྱུན་བྱེད་སྒོ་སོགས་སྤེལ་བ་བརྒྱུད་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན་ཞེས་བཤད།

བྱེད་སྒོའི་ཡུལ་དངོས་སུ་མི་རྣམས་ཀྱིས་ལག་ལ་སྐར་མ་རྩེ་ལྔའི་རྒྱལ་དར་བསྣམས་ནས་མཉམ་གཅིག《མེས་རྒྱལ་བསྟོད་གླུ》བླངས་པའི་དབྱངས་འགྲོས་དང་ལྷན་དུ་སྣ་མང་ཕུན་སུམ་ཚོགས་པའི་ཚོན་ཁྲ་ཤོག་སྦག་གི་ལྟད་མོར་བལྟས། མདོ་ལའི་རིགས་ཁག་མི་དམངས་རྣམས་ཏང་གི་འགོ་ཁྲིད་འོག་ལས་ལ་བརྩོན་ཞིང་དཔའ་མཛངས་རྟུལ་ཕོད་ཀྱིས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་མདོ་ལ་འཛུགས་སྐྲུན་གྱི་ཁྲོད་མཐུན་སྒྲིལ་གཅིག་གྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་བསམ་པའི་ཉམས་སྣང་ཕྱི་རུ་མངོན།

མུན་པའི་ཡོལ་བ་འཐེན་ཅིང་སྐར་འོད་ཟམ་ཟིམ་འཕྲོ་དུས། དུས་ཀྱི་མདའ་རྩེའང2024ནས2025རུ་དལ་གྱིས་འཕོས་ཤིང་། མཚར་སྡུག་བཀྲ་བའི་ཤོག་སྦག་བར་སྣང་ལ་འཕགས། དགུན་གྱི་གྲང་ངད་དབུས་སུ་མེ་ཕུང་ལམ་ལམ་འབར་ཞིང་། མེ་སྟག་མཐའ་དག་ནམ་མཁའི་ཁྱོན་དུ་འདལ་བའི་གསེར་གྱི་མེ་ཏོག་དང་མཚུངས་པར། འཁྱག་སིབ་སིབ་ཀྱི་མཚན་མོའི་མཁའ་དབྱིངས་སུ་མཚར་སྡུག་གི་རི་མོར་གྲུབ། མྱུར་འཁྱུག་བྲོ་གར་དང་རོལ་ཚོགས་ཀྱི་འཁྲབ་སྟོན། དེང་རབས་ཞབས་བྲོ་སོགས་ངོ་མཚར་བའི་ལྟད་མོ་སྣ་ཚོགས་དགའ་སྤྲོའི་བསྟོད་དབྱངས་སུ་དཀྲོལ་ཞིང་། གངས་ལྗོངས་རྩྭ་ཐང་གི་གྲུ་ཟུར་མཐའ་དག་འོད་ལམ་མེར་བྱས། བྱེད་སྒོར་ཞུགས་པའི་མི་རྣམས་ཀྱིས་དགའ་སྤྲོའི་འབོད་སྒྲ་སྒྲོག་ཅིང་རང་རང་ས་ནས་པར་ལེན་པར་བྲེལ་ལ། མི་སེམས་སྒུལ་བར་བྱེད་པའི་མདུན་གྲལ་གྱི་ལྟད་མོ་རེ་རེ་དང་དགུང་དུ་རྩེན་པའི་ཤོག་སྦག་བཅས་འཚིང་ཁ་ཤིག་ཤིག་གིས་མཉམ་དུ་བཞད་པ་དང་། མི་རྣམས་ཀྱིས་ལོ་གསར་བར་བཅིངས་པའི་སྨོན་འདུན་ཡག་པོ་བསྣམས་ནས། ཕ་མཐའ་མི་མངོན་པའི་མཚན་མོའི་མཁའ་དབྱིངས་སུ་འཕུར་ནས་གསར་བ་གསར་རྐྱང་ཡིན་པའི2025ལོའི་ཕྱོགས་སུ་བསྐྱོད།

མཚར་སྡུག་རྣམ་པར་བཀྲ་ཞིང་སྣ་མང་ཕུན་སུམ་ཚོགས་པའི་མུ་འབྲེལ་ལོ་སར་བྱེད་སྒོས་གངས་འཁྱགས་ཀྱི་ཀློང་ནས་དགུན་ཁའི་སྤྲོ་སེམས་མཐའ་དག་གྱེན་དུ་བསླངས་ཤིང་། དགའ་སྤྲོ་འབུམ་གྱིས་བརྟས་པའི་ལོ་སར་གྱི་ཉམས་སྣང་དགུན་ཁའི་རྩྭ་ཐང་དུ་འབྱམས། “དགུན་དུས་མདོ་ལར་མྱུལ་བའི”བྱེད་སྒོར་སྔར་བས་ངོ་མཚར་དང་སྤྲོ་སྣང་གིས་ཕྱུག

“ལྷ་ཁམས་སྤྲོ་བས་སྐོར། གངས་འཁྱགས་མདོ་ལའི་ཡུལ”ཞེས་པའི་ལོ་གསར་སྤྲོ་ཚོགས་དང་བླ་མཚོ་འཁྱགས་གྲུག་གདན་ཞུའི་འགྲན་སྡུར་ནི་མདོ་ལ་རྫོང་གིས་དགུན་དུས་ཀྱི་རིག་གནས་གནས་སྐོར་ཁྲོམ་ར་དར་སྤེལ་དང་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་སྤེལ། འཛད་སྤྱོད་ཀྱི་སྤུས་ཀ་འདེགས་པ་དང་ནང་དོན་རྒྱ་སྐྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཡིན་པར་མ་ཟད། མདོ་ལ་རྫོང་གིས་རིག་གནས་གནས་སྐོར་ཐོན་ལས“དུས་བཞི་ཀུན་ཏུ་བྲིན་པར”སྐུལ་འདེད་ཧུར་ཐག་གཏོང་བ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དཔལ་འབྱོར་བདེ་ཐང་ངང་མགྱོགས་མྱུར་དུ་འཕེལ་རྒྱས་འབྱུང་བར་སྐུལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། “དུས་དང་དུས་ཚིགས། ཁྱོན་ཡོངས”བཅས་ཀྱི་སིམ་འཛུལ་རྣམ་པའི་གནས་སྐོར་ཐོན་རྫས་རྒྱུན་མཐུད་གསར་སྤེལ་བྱེད་པའི་གལ་ཆེའི་ཐོལ་བརྒལ་ཞིག་ཡིན།


དགུན་དུས་མདོ་ལར་མྱུལ་ནས་གནམ་སའི་ཡུལ་ལྗོངས་ལྟད་མོར་འགུག ལྷ་ཁམས་ངོ་མཚར་ལྟད་མོས་ཕྱོགས་བཞིའི་གྲོགས་པོ་མགྲོན་དུ་བསུ། བྱེད་སྒོའི་ཡུལ་དངོས་སུ། མདོ་ལའི་ཁྱད་ཆོས་ལྡན་པའི་ཟས་མཆོག་རོལ་མྱོང་དང་རིག་གནས་གསར་སྤེལ་ཐོན་རྫས་འགྲེམ་ཚོང་བྱེད་སྒོ་སྤེལ་ཞིང་། བྱེད་སྒོར་ཞུགས་པའི་སྐུ་མགྲོན་དག་གིས་རྩྭ་ཐང་གི་ཟས་མཆོག་ལོངས་སུ་སྤྱད་པ་དང་དུས་མཚུངས་སུ་མདོ་ལའི་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ལ་སྤྲོ་སེམས་འཁོལ་བའི་གདེང་འཇོག་དང་ཁས་ལེན་གནང་། འགྲེམ་སྟོན་ལ་ཞུགས་པའི་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ཆོས་ལྡན་པའི་ཟས་མཆོག་སྣ་ཚོགས་སྤྱད་པས་ངོམ་པ་མེད་པར་གྱུར། རོ་འཛིན་གྱི་མགུ་བ་བསྐངས་པ་དང་དུས་མཚུངས་སུ་གནས་སྐོར་བའི“གནས་སྐོར་ཁུག་མའང”གང་བར་བྱས། འགྲེམ་ཞུགས་ཚོང་བ་དག་གིས་མང་ཚོགས་རྣམས་ལ་ངོ་སྤྲོད་བྱས་ཤིང་ཞིང་ཆེན་ཕྱི་ནང་ནས་འོངས་པའི་སྐུ་མགྲོན་དག་གིས་གཅིག་རྗེས་གཉིས་མཐུད་དུ་དངོས་ཟོག་ཉོས་པས། ཡོང་འབབ་གོང་དུ་སྤར་བར་མ་ཟད་རྒྱ་ཆེའི་གནས་སྐོར་བའི་དགོས་མཁོ་སྣ་ཚོགས་ཀྱང་སྔར་བས་ལྷག་པར་བསྐངས།

རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཆི་ཚེ་རིང་གིས་བསྟན་དོན། སླད་ཕྱིན་ཡུལ་གྲོང་སོ་སོར་བྱེད་སྒོ་འདིའི་རིགས་མང་དུ་སྤེལ་དགོས་ལ། སྔར་བས་མང་བའི་རོང་འབྲོག་མང་ཚོགས་བྱེད་སྒོའི་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། རིག་གནས་བྱེད་སྒོ་གར་སྟེགས་སུ་བྱས་ཏེ“ཚོང་འདུས་ཀྱི་ཕན་འབྲས”ལས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་འགྲུབ་པར་བྱེད་དགོས།

རྒྱུས་ལོན་པ་ལྟར་ན། མདོ་ལ་རྫོང་གིས“དགུན་དུས་མདོ་ལར་མྱུལ་བ”དང“དཔལ་འབྱོར་གོང་དུ་སྤར་བ”དང་དུས་མཚུངས་སུ། དགུན་དུས་གནས་སྐོར་གྱི་ཐོན་རྫས་གསར་བ་དང་རྣམ་པ་གསར་བ། རྩེད་ཐབས་གསར་བ་ཟམ་མ་ཆད་པར་གསར་སྤེལ་བྱས་པ་དང་། ད་ལོའི་དགུན་ཁར་གངས་འཁྱག་གི་རྩེད་འཇོ་དང་ཆུ་ཚན་ལ་ཞུགས་པ། དགུན་ལྗོངས་ལ་ལྟ་བ། ལོ་སར་ལ་རོལ་བ། སློབ་སྦྱོང་ཞིབ་འཇུག་བྱེད་པ་སོགས་ཇུས་འགོད་ཞིབ་ཚགས་བྱས་པའི་མདོ་ལའི་དགུན་དུས་གནས་སྐོར་བྱེད་སྒོ་རིགས་སྣ་ཚོགས་གསར་དུ་སྤེལ། གནས་སྐོར་ཁྲོམ་ར“བྲིན་དུས་སུ་སྐོར་བ”ནས“དུས་བཞིར་སྐོར་བའི”ཕྱོགས་སུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ལ། སྤུས་ཀ་གསར་བའི་ཐོན་སྐྱེད་ནུས་ཤུགས་ཀྱིས་མདོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་བསྩལ་ཅིང་། འགུལ་ནུས་བརྗེ་སྒྱུར་ལ་བརྟེན་ནས“གསང་གྲངས་གསར་བ”བརྟོལ་ཅིང་འཕེལ་རྒྱས་ཀྱི་ལྡེ་མིག་གསར་བ་བསྐྲུན། དགུན་དུས་གནས་སྐོར་ལོ་ཧྲིལ་བོའི་གནས་སྐོར་ལས་རིགས་འཕེལ་རྒྱས་དང་རིག་གནས་གནས་སྐོར་མཉམ་འདྲེས་གཏིང་ཟབ་འབྱུང་བའི་གསལ་ཆ་གསར་བ་དང་སྒུལ་བྱེད་གསར་བར་འགྱུར་བར་སྐུལ་འདེད་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号