2024ལོའི་མདོ་ལ་རྫོང་གི《ནོར་ལུག་བཤས་ཁུངས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་དགའི་ཁ་གསབ་བྱེད་ཐབས》ཀྱི་ཇུས་གཞི།

ཉེ་ཆར། མདོ་ལ་རྫོང་གིས༼ 2024ལོའི་ནོར་ལུག་བཤས་ཁུངས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱ་དགའི་ཁ་གསབ་བྱེད་ཐབས(ཚོད་ལྟའི་ལག་བསྟར) ༽ བཏོན་ནས།  གཤམ་དུ༼ བྱ་དགའི་ཁ་གསབ་བྱེད་ཐབས༽ ཞེས་བསྡུ་རྒྱུ། བྱ་དགའི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི415བཀོད་སྒྲིག་བྱས་ཏེ་རྫོང་ཡོངས་ཀྱི་ནོར་ལུག་བཤས་ཁུངས་སུ་གཏོང་བའི་ལས་དོན་ཁྲོད་ལས་དོན་སྤེལ་བ་བཟང་བའི་གཙོ་གནད་ཁྱིམ་ཚང་དང་། དབུལ་ཐར་སྡེ་བ18ཀྱི་དབུལ་ཐར་ཁྱིམ་ཚང་དང་དེ་བཞིན་ལྟ་ཞིབ་ཚད་ལེན་བྱ་ཡུལ། དབུལ་ཐར་མ་ཡིན་པའི་སྡེ་བ27གྱི་དབུལ་ཐར་ཁྱིམ་ཚང་དང་དེ་བཞིན་ལྟ་ཞིབ་ཚད་ལེན་བྱ་ཡུལ། བཤས་གཏོང་ཁྱིམ་ཆེན(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་འདུ།)ནམ་རོང་འབྲོག་ཁྱིམ་ཚང་། བཤས་གཏོང་ཁེ་ལས་བཅས་ལ་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་ཡིན་པ་དང་། དམིགས་ཡུལ་ནི་རོང་འབྲོག(ཕྱུགས་ར།)ཁྱིམ་ཚང་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་ནོར་ལུག་ཁྲོམ་རའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། ཐོན་ལས་ཀྱི་ཕན་འབྲས་ཇེ་ཆེ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་རྒྱུ་དེ་རེད། 

༼ བྱ་དགའི་ཁ་གསབ་སྤྲོད་ཐབས༽ ནང“བཤས་ཁོངས་སུ་བཏང་བ་ཅི་ཙམ་མང་ན་བྱ་དགའ་དེ་ཙམ་གྱིས་མང་བ་དང་། འགན་འཁྲི་དང་དབང་ཆ་འདྲ་མཚུངས་ཡིན་པ། ཕན་འབྲས་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་བཤས་ཁོངས་སུ་བཏང་བ་མགྱོགས་ན་བྱ་དགའི་ཁ་གསབ་མགྱོགས་པོ་སྤྲོད་པ་དང་། སུས་སྔོན་ལ་རེ་ཞུ་བྱས་ན་དེར་སྔོན་ལ་ཁེ་ཕན་ཐོབ་པ། རེ་ཞུའི་དུས་ཚོད་གྱི་གོ་རིམ་ལྟར་བྱ་དགའ་དང་ཁ་གསབ་མ་དངུལ་ཚར་རག་བར་སྤྲོད་རྒྱུ(བྱ་དགའ་དང་ཁ་གསབ་མ་དངུལ་བྱིན་ཚར་རྗེས་རེ་ཞུ་བྱེད་མཁན་གྱིས་བྱ་དགའ་དང་ཁ་གསབ་གང་ཡང་ལོངས་སུ་སྤྱོད་མི་ཆོག)གཏན་འབེབས་བྱས་ཡོད། ༼ བྱ་དགའི་ཁ་གསབ་སྤྲོད་ཐབས༽ ནང་གཏན་ཁེལ་བྱས་པའི་བྱ་དགའ་དང་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་དང་ཚད་གཞི།

(གཅིག) སྒོ་ཕྱུགས་དང་ཁྱིམ་བྱའི་གཙོ་གནད་ཁྱིམ་ཚང་།

1. བྱ་དགའ་དང་ཁ་གསབ་སྤྲོད་པའི་ཁྱབ་ཁོངས། རྫོང་ཡོངས་ཀྱི་གཙོ་གནད་གསོ་སྤེལ་དང་བཤས་གཏོང་ཁྱིམ་ཚང་།

2. བྱ་དགའ་དང་ཁ་གསབ་ཀྱི་ཚད་གཞི།    ཕྱུགས་རིགས་བཤས་ཁོངས་སུ་བཏང་བར་ནོར་རེར་སྒོར50དང་། ལུག་རེར་སྒོར30བྱ་དགའ་སྤྲོད་རྒྱུ། ཁྱིམ་ཚང་རེའི་ཆེས་མཐོ་བའི་བྱ་དགའ་སྒོར5000ལས་མི་བརྒལ།

(གཉིས།)  དབུལ་ཐར་སྡེ་བ18ཀྱི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ།  

1. བྱ་དགའི་ཁ་གསབ་ཁྱབ་ཁོངས་ནི།    སྟོང་སོ་གཞུང་གྲོང་རྡལ་ཉག་ག་དཀར་ལྡང་སྡེ་བ་དང་།  སྟག་རྣ་དགོན་སྡེ་བ།  ཁ་སྒང་སྡེ་བ།    ར་དོང་སྡེ་བ།  དམར་ཝོར་སྡེ་བ།   ནུབ་སྡེ།    སྡེ་ཞོལ་མ།   སྲིབ་ལུང་ཀླད་སྡེ་བ་བཅས་དང་། རྫ་དམར་ཡུལ་ཚོའི་ཆུ་བཟང་མདོ་སྡེ་བ།    ཕུག་ཚང་སྡེ་བ།  ཆུ་བྱང་སྡེ་བ། ཆུ་ཤར་སྡེ་བ། ཆུ་ནུབ་སྡེ་བ། བྱ་ཐང་སྡེ་བ། གཡང་ལུང་ཡུལ་ཚོའི་ཨ་གར་སྡེ་བ།  ཆུ་ཁོལ་སྡེ་བ།    ཐོ་ལེ་སྡེ་བ།   ཞལ་དཀར་སྡེ་བ་སོགས་དབུལ་ཐར་སྡེ་བ18ཁྲོད་གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་བྱེད་མཁན་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་ཁྱིམ་ཚང(རྒྱལ་ཡོངས་ཀྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་གི་གཞི་གྲངས་ཚད་གཞིར་འཛིན་པ)བཅས་ཡིན།    

2. བྱ་དགའི་ཁ་གསབ་ཀྱི་ཚད་གཞི།    ཕྱུགས་རིགས་བཤས་ཁོངས་སུ་བཏང་བར་ནོར་རེར་སྒོར100དང་། ལུག་རེར་སྒོར50ཡི་བྱ་དགའ་ཡོད། ཁྱིམ་ཚང་རེར་ཆེས་མཐོ་བའི་ཚད་གཞི་སྒོར3000ལས་མི་བརྒལ།

(གསུམ།) དབུལ་ཐར་མ་ཡིན་པའི་སྡེ་བ27གྱི་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ།    

1. བྱ་དགའི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས། སྟོང་སོ་གཞུང་གྲོང་རྡལ་གཡེར་བ་ལུང་བ་སྡེ་བ་དང་།  སྟོང་སོ་ཆེ་བ་སྡེ་བ།  ཤར་སྡེ།  བར་མདོ་སྡེ་བ།  སྟོང་སོ་ཀླད་སྡེ་བ།   གདོང་ལམ་སྡེ་བ།  ར་དོང་ཀླད་སྡེ་བ།  རྒྱ་རྨོག་སྡེ་བ།    རྫ་དམར་ཡུལ་ཚོའི་བྱེ་ལུང་ཁུག་སྡེ་བ་དང་བྲག་དཀར་སྡེ་བ།  འབྲོང་ལུང་ཡུལ་ཚོའི་ཆུ་མང་སྡེ་བ་དང་།  མདའ་བཞི་སྡེ་བ།  དར་ལུང་སྡེ་བ།  སྤེན་མ་སྡེ་བ།  མཁར་དམར་གྲོང་རྡལ་བྲག་དཀར་སྡེ་བ་དང་། མང་བཟའ་སྡེ་བ།  འགྱུར་དགོན་སྡེ་བ།    མཁར་དམར་སྡེ་བ། ཨ་རིག་ཡུལ་ཚོའི་འགྲམ་ནག་སྡེ་བ། རུ་ཤུལ་སྡེ་བ།   ཆུ་འཁོར་སྡེ་བ།  མུ་རི་ཡུལ་ཚོའི་བ་རྒ་སྡེ་བ།    རྡོ་ལུང་སྡེ་བ།    ལོ་རྒན་སྡེ་བ།   མཚེར་ཐོག་སྡེ་བ།  ཛ་སག་སྡེ་བ།   ཧེ་རིང་སྡེ་བ་སོགས་དབུལ་ཐར་མ་ཡིན་པའི་སྡེ་བ27གྱི་གསོ་སྤེལ་ལས་རིགས་ཀྱི་ཐོན་སྐྱེད་བྱེད་མཁན་དབུལ་ཐར་ཁྱིམ་ཚང་དང་ལྟ་ཞིབ་ཚད་ལེན་གྱི་ཁྱིམ་ཚང(རྒྱལ་ཡོངས་ཀྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་གི་གྲངས་གཞི་ཚད་གཞིར་འཛིན་དགོས།)བཅས་ཡིན།

2. བྱ་དགའི་ཁ་གསབ་ཀྱི་ཚད་གཞི།    ཕྱུགས་རིགས་བཤས་ཁོང་སུ་བཏང་བར་ནོར་རེར་སྒོར50དང་། ལུག་རེར་སྒོར30བྱ་དགའ་ཡོད། ཁྱིམ་ཚང་རེར་ཆེས་མཐོ་བའི་ཚད་གཞི་སྒོར3000ལས་མི་བརྒལ།

(བཞི།)  བཤས་གཏོང་ཁྱིམ་ཆེན་ནམ་རོང་འབྲོག་ཁྱིམ་གྱི་བྱ་དགའི་ཁ་གསབ།   

1. བྱ་དགའི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས། རྫོང་ཡོངས་ཀྱི་བཤས་གཏོང་ཁྱིམ་ཆེན(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་འདུ།)ནམ་རོང་འབྲོག་ཁྱིམ་ཡིན།    

2. བྱ་དགའི་ཁ་གསབ་ཀྱི་ཚད་གཞི། རོང་འབྲོག་ཁྱིམ་ཚང་གིས་བཤས་ཁོངས་སུ་བཏང་ན་ནོར་རེར་སྒོར25དང་ལུག་རེར་སྒོར15བྱ་དགའ་ཡོད།  ཆེས་མཐོ་བའི་ཚད་གཞི་ཁྱིམ་ཚང་རེར་སྒོར5000ལས་མི་བརྒལ། བཤས་གཏོང་ཁྱིམ་ཆེན་གྱིས་བཤས་ཁོངས་སུ་བཏང་བའི་ནོར50དང་ལུག200ཡན་ལ་སླེབས་ན། ཆེས་མཐོ་བའི་ཚད་གཞི་སྒོར5000ལས་མི་བརྒལ།

(ལྔ།) བཤས་གཏོང་ཁེ་ལས་ཀྱི་བྱ་དགའི་ཁ་གསབ།    

1. བྱ་དགའི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནི། རྫོང་ཡོངས་ཀྱི་བཤས་རའི་ཐོབ་ཐང་ལྡན་པའི་ཁེ་ལས་ཡིན་པ་དང་། ཁེ་ལས་ལ་ངེས་པར་དུ་གཏན་འཁེལ་གྱི་བཤས་ར་ཡོད་དགོས་པ་དང་འབྲེལ་རྫོང་ཁོངས་ཀྱི་ནོར་ལུག་བཤས་གཏོང་བྱ་རྒྱུ་གཙོ་བོར་བྱེད་པ་དང་།  བཟོ་ཚོང་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བྱས་ནས་སྤྲད་པའི་ལས་གཉེར་ལག་ཁྱེར་དང་རྫོང་ཞིང་ཕྱུགས་སྡེ་ཁག་གིས་ཐོ་འགོད་བྱས་པའི་གཉེར་སྐྱོང་བྱེད་པོ་གསར་པའི་དཔང་ཡིག་ཡོད་པ། ལོ་རེའི་བཤས་གཏོང་གྲངས་འབོར་དང་ཕྱིར་འཚོང་དཔང་འཛིན་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དེ་གཞི་འཛིན་སར་བྱེད་པ་དང་། བྱེ་བྲག་ཏུ་བཤས་གཏོང་དང་ཕྱིར་འཚོང་གི་འགྲོ་ལུགས་ཆ་ཚང་བ་གཙོ་བོར་འཛིན་རྒྱུ(ནོར་ལུག་ཉོ་སྒྲུབ་ཀྱི་གན་རྒྱ་དང་། ཕྱིར་ཚོང་གི་དཔང་ཡིག ནད་ཡམས་བརྟག་ཞིབ་དཔང་ཡིག)ཡིན།  

2. བྱ་དགའི་ཁ་གསབ་ཀྱི་ཚད་གཞི། ལོ་རེའི་ནང་རྫོང་ཁོངས་ཀྱི་ནོར་ལུག་བཤས་གཏོང་ཚད་མང་བ་མ་ཟད། གཙོ་གནད་ཁྱིམ་ཚང་དང་དབུལ་ཐར་ཁྱིམ་ཚང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་ལམ་ཡང་ན་རོང་འབྲོག་ཁྱིམ་བཅས་ཀྱི་ནོར་ལུག་ཉོ་བསྡུ་བྱས་པའི་ཁེ་ལས་གཅིག་གདམ་རྒྱུ་ཡིན་པ་དང་། བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི10སྤྲོད་རྒྱུ།  

སླད་ཕྱིན། མདོ་ལ་རྫོང་གིས་དུས་བབ་ལ་དབྱེ་ཞིབ་དང་། བསམ་བློ་གཅིག་གྱུར། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་བཅས་བྱས་ཏེ་ཡུལ་ཚོ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་ལ་སྐུལ་སློང་བྱས་ནས་སྔར་བས་དམ་པ་དོན་གཉེར་གྱི་བྱ་བའི་བྱེད་ཐབས་དང་། སྔར་བས་འགན་འཁྲི་འཁུར་བའི་བྱ་བའི་སྤྱོད་ཚུལ་ཐོག་ནས་ཕྱུགས་རིགས་བཤས་ཁོངས་སུ་གཏོང་བའི་འགག་སྒྲོལ་གྱི་དུས་ཚིགས་སུ་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ཏེ། ཕྱུགས་ལས་ཀྱི་ཡོང་འབབ་ལེགས་པོ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་སྔར་ལས་མང་པོའི་ཟིན་ཐོ་གསར་པ་གཏོད་ཐུབ་པ་མངོན་འགྱུར་ཐུབ་པར་བརྩོན་ལེན་བྱེད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号