ཕ་ས་ཕ་ཡུལ་དང་གྱེས་པའི་སྐྱིད་སྡུག་གི་ལོ་ཟླ་རིང་མོ།

རྡུལ་ཕྲན་མཁར་གྱི་གནས་སྤོས་ཡུལ་མི་ལ་བརྩེ་བ་ཆེན་པོ་ཞིག་གི་བྱས་རྗེས་གཟེངས་རྟགས་སྩོལ།(མ་ཡིག་གི་ཁ་བྱང་།)

སྔོན་འགྲོ།

འདི་ནི་ཕ་ཡུལ་དང་བར་ཐག་རིང་དུ་གྱེས་པ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་སྙན་འཇེབས་ལྡན་པའི་གླུ་དབྱངས་ཤིག་ཡིན། 1958ལོར། ཀྲུང་གོའི་ཆེས་ཐོག་མའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ་སྐྲུན་ཆེད། གནས་འདིའི་འབྲོག་པ6000ལྷག་ཙམ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་བཞིན་པའི་གསེར་དངུལ་ཐང་ནས་བྲལ་ཞིང་མཚོ་སྔོན་པོའི་ངོགས་ཀྱི་རྩྭ་ཆུ་འཛོམས་པའི་རྩྭ་ཐང་དང་བྲལ་ཏེ་རྐང་ཚ་རྫོང་དང་མདོ་ལ་རྫོང་སོགས་སུ་གནས་སྤོ་བྱས་པ་རེད། ལམ་བར་དུ། ཁོང་ཚོས་དྲོད་གྲངས་གོར་ཐིག་མན་གྱི་ཏུའུ20ལྷག་ཙམ་གྱི་འཁྱགས་རོམ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད4000ལྷག་ཙམ་ཡོད་པའི་གངས་རི་དང་ཁ་བ་ཆེན་པོ་བབས་པའི་རི་ཐང་སོགས་བརྒྱུད་ཅིང་། ནད་གཞི་དང་འཁྱགས་སྐྱོན་ཕོག་པ་དང་། མི་སྣ་ཤི་རྨས་བྱུང་བ་དང་ཕྱུགས་ཟོག་ལམ་རྒྱུད་དུ་འགྱེལ་ནས་ཤི་བ་རེད། ཟླ་བ་གཉིས་ཙམ་གྱི་དཀའ་སྡུག་གི་དུས་ཡུན་བརྒྱུད་རྗེས་གཞི་ནས་མདོ་ལའི་ཕྱུགས་རར་འབྱོར་སོང་།

དམིགས་སར་སླེབས་རྗེས། ལོ60ལྷག་ཙམ་རིང་ཁོང་ཚོས་མདོ་ལ་རི་འདབས་སུ་དཀའ་སྤྱད་འབད་བརྩོན་དང་ལས་བརྩོན་བློ་གྲོས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་བཏོད་ཡོད།

རླུང་དམར་འུར་འུར་དང་ཁ་བ་ལྷབ་ལྷུབ་གཡོ་བའི་དུས། བཟའ་མི་ཚང་མས་སླ་ངའི་ནང་གི་ཟ་མ་བཙོས་རྒྱུར་སྒུག་ཁོམ་མེད་པར། བྱིས་པ་གཡག་རྒྱབ་ཀྱི་སློ་མའི་ནང་བཞག་རྗེས། ཁོ་ཚོས་བྲེལ་འཚུབ་ངང་ཀོ་བའི་སྟོད་ཐུང་འགའ་དང་ཕྱུ་པ་ཁ་ཤས་འཁྱེར་ནས། མི་རབས་ནས་མི་རབས་བར་འཚོ་གནས་བྱེད་སའི་ཁྱིམ་གཞིས་དོར་ཏེ། རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ནས་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་གནས་སྤོའི་ལམ་བུའི་ཐོག་བསྐྱོད་པ་རེད། འདི་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྡུལ་ཕྲན་མཁར་གྱི་དྲན་གསོ་ཁང་གི་དེ་སྔའི་རྣམ་པ་སླར་གསོ་བྱེད་སའི་འཆར་ངོས་སྟེང་གི་གསེར་དངུལ་ཐང་གི་འབྲོག་པ་གནས་སྤོ་བྱས་པའི་རྣམ་པ་ཞིག་རེད།

1958ལོའི་སྟོན་མཇུག་གི་གསེར་དངུལ་ཐང་དུ་གྲང་ངར་ཞིག་གིས་འབྲོག་པར་དགུན་ཁ་རིང་པོ་ཞིག་འཆར་ཉེར་ཡོད་པ་ཚོར་བྱུང་། སྐབས་དེ་དུས་མི་རྣམས་ཧང་སངས་དགོས་པའི་གནས་ཚུལ་ཞིག་རྩྭ་ཐང་ཐོག་ཧ་ཅང་ཛ་དྲག་ངང་སླེབས་ཡོང་། རྒྱལ་ཁབ་འཛུགས་སྐྲུན་གྱི་དགོས་མཁོའི་དབང་གིས་ཁོང་ཚོ་ཐག་རིང་སར་གནས་སྤོ་བྱ་དགོས། ཕ་ཡུལ་དང་བྲལ་དཀའ་ཞིང་། རྒན་རྒོན་དང་ན་གཞོན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ད་ལྟ་ཉིད་དུ་འགྲོ་དགོས་ཟེར་ན་འགྲོ་ཐུབ་ནི་ཞིག་མིན་ལ།  ཚང་མས་ལབ་གླེང་སྣ་ཚོགས་བྱེད་ཅིང་བློ་ཐག་མི་ཆོད་པའི་སྐབས་སུ། མི་ཞིག་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་འབྲོག་པའི་མི་འདོད་པའི་བསམ་ཚུལ་བསྒྱུར་སོང་། ཁོང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་དང་པོ་ཞབས་དྲུང་དཀར་པོ་རེད།

ཞབས་དྲུང་དཀར་པོས་ཐོག་མར་རང་གི་ཨ་མ་དང་ཨ་ཅེ་ལ་སྐུལ་སློང་བྱས། དེ་ནས་ཁོང་གིས་འབྲོག་ཁྱིམ་ལ་འཚམས་འདྲི་བྱེད་མགོ་ཚུགས་པ་དང་གུར་ནང་དང་རྩྭ་སྒང་ཚང་མར་ཁོང་རྒྱུག་བཞིན་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། འབྲོག་པ་ཚོས“ཇ་དེམ་ཚ་བོའི་ནང་བླུགས་པའི་འོ་ཇ་ནི་དྲོན་མོ་ཞིག་ཡིན་པ་དང་། མི་དྲང་པོ་ཞིག་གིས་བཤད་པའི་སྐད་ཆ་ནི་ཟོལ་མེད་ཅིག་རེད”ཅེས་ཤོད་ཀྱི་ཡོད། རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནས་འབྲོག་པའི་འཚོ་བའི་བར་ཚང་མར་སེམས་གཏིང་གི་སྐད་ཆ་རེ་རེ་བཞིན་དང་། སེམས་ཀྱི་དྲོ་སྐྱིད་ལྡན་པའི་ཁ་བརྡ་རེ་རེ་བཞིན་བརྗོད་དེ་ཚང་མས་སེམས་ཀྱི་དོགས་པ་སེལ་བ་དང་། ཉིན་གསུམ་ལས་མ་འགོར་བར། འབྲོག་པ་ཚོས་རིན་མེད་ངང་མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་རྩྭ་ཐང་སྟེ་གསེར་དངུལ་ཐང་སྤྲད་པ་རེད། འདི་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ངོ་མཚར་བའི་ལེའུ་དེའོ།།

རྩྭ་ཐང་གི་གྲང་རླུང་རྩུབ་མོའི་ཁྲོད་ཞབས་དྲུང་དཀར་པོའི་ཨ་མ་དང་གཅུང་མོ་སོགས་གཉེན་ཉེ་དག་གིས་གྱོན་ཆས་སྤྲས་ཏེ་མགོ་སྦྲ་རྫོགས་ནས་སྐྱོད་ཐེངས་དང་པོ་ཡིན་པ་རེད། དེ་དང་ཆབས་ཅིག་ཁྱིམ་ཚང1279ཡི་འབྲོག་པ6000ལྷག་ཙམ་གྱིས་ཕྱུགས་ཟོག་མགོ་གྲངས་ཁྲི15ལྷག་ཙམ་དེད་དེ་མི་རབས་ནས་མི་རབས་བར་འཚོ་གནས་བྱས་པའི་ཕ་ས་དྲོན་མོ་ཡོངས་སུ་གྱེས་ནས་དྲོད་གྲངས་གོར་ཐིག་མན་གྱི་ཏུའུ20ལྷག་གི་གྲང་འཁྱགས་ལ་མི་འཛེམས་པར་རྐང་ཐང་དུ་གནས་སྤོའི་ལས་ལ་མགོ་ཚུགས་པ་རེད། བཀོད་སྒྲིག་བྱ་ཡུལ་དུ་ཉེ་ས་སྤྱི་ལེ100དང་ཐག་རིང་ཤོས་ལ་སྤྱི་ལེ500ཡོད་པ་མ་ཟད། ལམ་བར་དུ་ད་དུང་ས་བབ་མཐོ་ཚད་སྨི4000ཟིན་པའི་གངས་འཁྱག་རི་བོ་ཡང་བརྒལ་དགོས། འདི་ནི་རྔམ་བརྗིད་ལྡན་པའི་རྣམ་པ་ཞིག་རེད།  དཀའ་སྡུག་མྱོང་བའི་ཡུལ་སྤོར་ཞིག་ཡིན། དོན་དངོས་ནི་དངོས་གནས་དེ་ལྟ་ཡིན་ཞེས་བརྗོད་པ་རེད། ད་ཡོད་ཀྱི་དཔྱད་གཞིའི་ནང་ང་ཚོས་གསལ་བཤད་འདི་འདྲ་ཞིག་མཐོང་ཐུབ་པ་སྟེ། གང་ས་གང་དུ་ཁ་བ་མཐུག་པོས་གཡོག་འདུག་པས། ལྕི་བ་འཐུ་བསམ་ཡང་ལྕི་བ་རྙེད་ཀྱི་མི་འདུག འབྲོག་པ་ཚོས་སྦྲ་གུར་དང་རྟ་སྒ་མེར་བསྲེགས་ནས་དྲོད་ལེན་པ་དང་། གངས་ཁྲོད་དུ་ཉལ་ནས་མི་མང་པོ་ཞིག་གི་རྐང་ལག་འཁྱགས་པས་མི་ཚད། ལམ་ཐག་རིང་པོར་བསྐྱོད་ནས་ད་དུང་ནད་གཞི་ཕོག་པ་དང་བསྟུན་ནས་མི་མང་པོ་ཞིག་གནས་སྤོ་བྱེད་པའི་ལམ་དུ་འགྱེལ་བ་རེད། ནོར་ལུག་ལྟོགས་སྐོམ་གྱིས་མནར་ནས་ལམ་དུ་མང་པོ་ཤི་ལ། ཟླ་གཉིས་སོང་རྗེས་ཕྱུགས་ར་གསར་པར་སླེབས་སྐབས་མི་མང་པོ་ཞིག་ལ་ཧ་ལམ་ཅི་ཡང་མེད་པ་རེད།

ནམ་རྒྱུན་ནང་དོན་འདི་ཀློག་དུས་གསར་འགོད་པས་མིག་ཆུ་དབང་མེད་དུ་ཤོར་ཞིང་། ཞབས་དྲུང་དཀར་པོས་གསེར་དངུལ་ཐང་གི་འབྲོག་པ་མང་ཚོགས་སྟོང་ཕྲག་དང་མཉམ་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་དང་རང་སྲོག་བློས་གཏོང་བྱས་པ་ནི་ལོ་རྒྱུས་ཐོག་ནམ་ཡང་གནས་ཐུབ། ལོ་ཟླ་མང་པོ་ཞིག་ཕར་ལ་འདས་ནས་གནས་བབ་ལ་འགྱུར་ལྡོག་བྱུང་སོང་། 1993ལོར། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་ཟིན་ནས་དངོས་སུ་ཕྱིར་འཐེན་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག དེ་སྔ་གནས་སྤོ་བྱས་པའི་འབྲོག་པ་ཁག་གཅིག་ཡངས་ཤིང་རྒྱ་ཆེ་བའི་ཕ་ཡུལ་དུ་ཕྱིར་ལོག་བྱས་པ་དང་འབྲོག་པ་དེ་བས་མང་བོ་གནས་སྤོ་བྱ་ཡུལ་དུ་བསྡད་དེ་གཅིག་ཀྱང་མེད་པ་ནས་ཁྱིམ་གཞིས་གཏོད་པ། ཁོང་ཚོས་ལེགས་སྐྱེས་འབུལ་མཁན་དང་བྱ་གཞག་གཏོད་མཁན་གྱི་གླུ་གཞས་སེམས་ལ་སིམ་པ་བྲིས་ཡོད།

ཁོ་ཚོའི་སྔོན་ཆད་ཀྱི་གཏམ་རྒྱུད་ལ་ཉན

མདོ་ལར་འབྱོར་མ་ཐག གསར་འགོད་པས་དེ་ནི་མྱུར་སྐྱོབ་རྣམ་པའི་བཅར་འདྲི་ཞིག་ཡིན་པ་དངོས་ནས་ཚོར་བྱུང་། གལ་ཏེ་ལོ་དེའི་དངོས་སུ་བརྒྱུད་མྱོང་མཁན་དག་ལ་བཅར་འདྲི་མ་བྱས་ན། སྔོན་ཆད་ཁོ་ཚོའི་ལུས་སྟེང་དུ་བྱུང་བའི་གཏམ་རྒྱུད་དེ་དག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མེད་སྲིད། འོན་ཀྱང་དངོས་སུ་བརྒྱུད་མྱོང་མཁན་དེ་དག་བཙལ་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། མདོ་ལ་རྫོང་གི་མི་ཚང་མས་རྡུལ་ཕྲན་མཁར་གྱི་གནས་སྤོ་ཡུལ་མི་གནས་སྤོ་བྱས་པར་རྒྱུས་མངའ་ཆེན་པོ་ཡོད་མོད། འོན་ཀྱང་ཞིབ་ཕྲའི་སྒོ་ནས་དངོས་སུ་བརྒྱུད་མྱོང་མཁན་འཚོལ་རྒྱུ་ནི་དཀའ་ངལ་ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན་སྲིད། དངོས་སུ་བརྒྱུད་མྱོང་མཁན་དེ་དག་ལ་ལ་འཇིག་རྟེན་ན་མེད་པ་དང་། ཡང་ན་ལ་ལ་བུ་ཕྲུག་གི་རྗེས་སུ་འབྲངས་ནས་གནས་སྤོ་བྱས་པ་དང་། ཡང་ན་ལ་ལས་སྔོན་ཆད་ཀྱི་སྐད་ཆ་ཤོད་ཐབས་བྲལ་བ་དང་། མཐར་བཅར་འདྲི་བྱས་ཐུབ་པའི་དངོས་སུ་བརྒྱུད་མྱོང་མཁན་ཁོང་ཚོ་ནི་མུ་ཏིག་ལྟ་བུ་རྩྭ་ཐང་ཐོག་གཏོར་ཡོད། གང་ལགས་ཤེ་ན། ཁོང་ཚོས་རྩྭ་ཐང་ཐོག་གི་ཆེས་རྩ་ཆེ་བའི་དྲན་ཤེས་དེ་ཁུར་ཡོད་པས་རེད།

ལམ་བར་དུ་ཁ་བ་བུ་ཡུག་ཇི་འདྲ་འཚུབ་ཀྱང་ཁོང་ཚོའི་གནས་སྤོའི་མདུན་ལམ་འགོག་མ་ཐུབ། དུས་ཡུན་ཟླ་བ་གཉིས་སོང་རྗེས་འབྲོག་པ་ཚོ་བཀོད་སྒྲིག་བྱ་ཡུལ་གྱི་ས་ཚིགས་དང་པོ་ཐོ་ལེ་ཕྱུགས་རར(ད་ལྟའི་གཡང་ལུང་ཞང་།)འབྱོར། སྐབས་དེ་དུས་ལོ16ལ་སླེབས་པའི་ནོར་བྷ་གནས་སྤོ་དཔུང་ཁག་ཁྲོད་དང་མཉམ་དུ་མེད། ཁོང་སྒོམ་སྒྲུབ་ཀྱི་དགོན་སྡེ་ནས་ཡུལ་ལ་ལོག་སྐབས་ཁྱིམ་མེད་པར་གྱུར་ཟིན་ཞིང་། མི་རྣམས་ཀྱིས་ཁོང་གི་བཟའ་མི་ཐག་རིང་གི་ཐོ་ལེ་ཕྱུགས་རར་བསྐྱོད་ཟིན་ཞེས་བཤད་པ་ལས་ཅི་ཡང་མ་ཐོས། སེམས་འཚུབ་པའི་ནོར་བྷ་ཟི་ལང་དུ་རླངས་འཁོར་ནང་བསྡད་དེ་མདོ་ལ་རྫོང་དུ་བསྐྱོད་པ་དང་། མདོ་ལ་རྫོང་གི་རྫ་དམར་ཞང་དུ་ལས་ཀ་ཙག་ཙིག་བྱེད་བཞིན། ཐོ་ལེ་རུ་སྐྱོད་པའི་གོ་སྐབས་ལ་སྒུག་བཞིན་ཡོད། སྟབས་ལེགས་པ་ཞིག་ལ་འབྲུ་རིགས་དབོར་འདྲེན་བྱེད་མཁན་གྱི་ཁལ་འགེལ་རུ་ཁག་ཅིག་དང་མཉམ་དུ་ཐོ་ལེ་ཕྱུགས་རར་བསྐྱོད་ནས་དེ་རུ་རྩད་གཅོད་བྱས། ཡན་ལག་བཟོ་གྲྭ་གསུམ་པ(ད་ལྟའི་ཆུ་ཁོལ་སྡེ་བ)ནས་རང་ཉིད་ཀྱི་ཁྱིམ་ཚང་རྙེད་པ་དང་། བུ་ཆུང་བ་གློ་བུར་དུ་མདུན་དུ་སླེབས་སྐབས། ནོར་བྷའི་ཨ་མས་སེམས་འགུལ་ཚད་མེད་ཐེབས་ནས་སྐད་ཆ་ཡང་ཤོད་ཐུབ་ཀྱི་མེད་ལ། ཨ་མ་པང་ལ་ལོག་པའི་སྐབས་དེར། ནོར་བྷས་རང་ཉིད་ཤི་བའི་མི་ཞིག་དང་འདྲ་བར་ཡང་བསྐྱར་གསོན་པོའི་ཚོར་བ་བྱུང་།

གནས་སྤོའི་ལམ་བུ་དེ་མི་ཚང་མའི་ངོས་ནས་བརྗོད་ན་དཀའ་ཚེགས་དང་དཀའ་སྡུག་གིས་ཁེངས་ཡོད་མོད། བྱིས་པ་ཁྲིད་པའི་བུད་མེད་དེ་དག་གི་ངོས་ནས་བརྗོད་ན་དེ་ལས་ཀྱང་ལས་སླ་པོ་ཞིག་ག་ལ་ཡིན། འབྲོང་ལུང་ཞང་ཏང་ཨུའི་ཧྲུའུ་ཅི་ཆི་ཚེ་རིང་ནི་གཟུགས་སྟོབས་ཆེ་ལ་སྨིན་མ་མང་བའི་སོག་རིགས་ཀྱི་ཕོ་རྒོད་ཅིག་ཡིན་པ་དང་གནས་སྤོ་ཡུལ་མིའི་རྗེས་རབས་པ་ཡིན་པའི་ཆ་ནས་ཁོང་གིས་རྡུལ་ཕྲན་མཁར་གྱི་གནས་སྤོ་ཡུལ་མི་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། 1958ལོར་ཁོང་གི་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱིས་བུ་དང་བུ་མོ11ཁྲིད་དེ་མདའ་བཞི་རྫོང་ཧྭ་ལི་ཅིན་ཞང་ཨུ་ལན་ཧ་ཏ་སྡེ་བ་ནས་ལམ་ལ་ཆས།   ལམ་བར་དུ་རྨོ་བོ་ལགས་ཀྱིས་ཞོ་འཐུང་བྱིས་པ་གཉིས་ལ་ལྟ་རྟོག་བྱེད་ཐབས་བྲལ་བས་ལོ1ལས་སོན་མེད་པའི་བུ་བཀྲ་ཤིས་ཁྱིམ་ཚང་གཅིག་ལ་མི་སྐྱེལ་ཀ་མེད་བྱུང་། བཟའ་མི་ཚང་མ་སྔོན་ལ་ཐོ་ལེ་ཕྱུགས་རར་བསྐྱོད་པ་དང་། 1962ལོར་སླར་ཡང་འབྲོང་ལུང་ཞང་དུ་གནས་སྤོ་བྱས། དེ་རྗེས་སླར་ཡང་རྡོ་ལུང་ཞང(ད་ལྟའི་མུ་རུ་གྲོང་རྡལ་ཡིན་པ)ཇ་སག་སྡེ་བར་གནས་སྤོ་བྱས་པ་རེད། ས་ཆ་གང་དུ་སླེབས་ཀྱང་རྨོ་བོ་ལགས་ཀྱིས་བཀྲ་ཤིས་ཟེར་བའི་བུ་ཆུང་བ་ཞིག་དྲན་གྱིན་འདུག་ལ།  བྱིས་པ་བསམ་ཤེས་ཀྱིས་ཨ་མའི་དྲན་པའི་སྡུག་བསྔལ་ཤེས་ཀྱི་ཡོད། སྐབས་དེ་དུས་བཀྲ་ཤིས་འབྲོང་ལུང་ཞང་མགོ་མང་སྡེ་བར་འཚོ་བ་སྐྱེལ་བཞིན་ཡོད་པ་དང་། ཁོང་དེ་སྔ་མིང་ལ་རྟ་མགྲིན་ཟེར་བའི་མི་ཞིག་གིས་གསོ་སྐྱོང་བྱེད་ཀྱི་ཡོད། བཀྲ་ཤིས་གསོ་མཁན་གྱི་ཕ་མའི་ཁྱིམ་དུ་བྱིས་པ་ཡོད་ཀྱང་ཚང་མ་བཀྲ་ཤིས་ལ་ཧ་ཅང་དགའ་ཞེན་ཡོད། 1969ལོར་བཀྲ་ཤིས་ལོ12ལ་སླེབས་པའི་སྐབས། བཟའ་མིས་ཁོང་གི་གནས་ཚུལ་ཤེས་རྟོགས་ཐུབ་ནས་རྟ་མགྲིན་ཡིད་འཐད་ཐོབ་རྗེས་ཨ་ཕ་དང་བཀྲ་ཤིས་ཀྱི་གཅེན་པོ་གཉིས་མགོ་མང་སྡེ་བར་བསྐྱོད་དེ་བཀྲ་ཤིས་མཐོང་སོང་། བཀྲ་ཤིས་དང་ཕ་བུ་གཉིས་ཀྱིས་མགོ་བོ་འཐམས་ནས་ངུས་པ་དང་། བཀྲ་ཤིས་དང་ཕ་གཡར་མ་གཡར་དབར་གྱི་འབྲེལ་བར་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་ཕ་བུ་གསུམ་མགོ་མང་སྡེ་བ་ནས་ཁ་རོག་གེར་བུད་སོང་། ཕྱིར་ལོག་རྗེས་བཀྲ་ཤིས་ཀྱི་ཨ་ཕས་བཟའ་ཟླར་བཀྲ་ཤིས་ཕ་གཡར་མ་གཡར་གྱི་ཁྱིམ་དུ་འཚོ་བ་ཡག་པོ་སྐྱེལ་བཞིན་ཡོད་པས་སེམས་ཁྲལ་བྱེད་མི་དགོས་ཞེས་བཤད། 1973ལོར་ཕ་གཡར་མ་གཡར་གྱིས་བཀྲ་ཤིས་ལ་གཉེན་སྒྲིག་གི་བྱ་བ་བསྒྲུབས། 1983ལོར། ལོ་ན26ལ་སླེབས་པའི་བཀྲ་ཤིས་ཀྱིས་ཡུན་རིང་དྲན་གདུང་གིས་མནར་བའི་ཨ་མ་ཐེངས་གཅིག་ཀྱང་མཐོང་མ་མྱོང་། ཁོང་རྐང་ཐང་ལ་ཉིན་གསུམ་དང་མཚན་བཞི་བསྐྱོད་དེ་ཇ་སག་སྡེ་བར་ལོ་ན70ལ་སླེབས་པའི་ཨ་མར་བལྟ་རུ་བསྐྱོད་པ་དང་། ཨ་མས་བཀྲ་ཤིས་མཐོང་སྐབས་དྲན་གདུང་གི་མིག་ཆུ་དབང་མེད་དུ་ཤོར་ཞིང་། ཁོང་གིས་དེ་སྔ་བཀྲ་ཤིས་ཁོང་གཞན་ལ་གསོ་རྒྱུར་བསྐྱལ་བའི་རྒྱུ་མཚན་བཤད། བཀྲ་ཤིས་ཀྱིས་ཨ་མ་པང་དུ་བཟུང་ནས་ངུ་ཤུམ་བྱས། ལོ་ན་བགྲེས་པའི་ཨ་མས་བཀྲ་ཤིས་ཀྱི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ“ཁྱོད་རང་ཉི་མ་མང་ཙམ་བསྡད་དེ་ང་ལ་འདུག་རོགས་མང་ཙམ་བྱེད་དགོས”ཞེས་བཤད། “ད་དུང་ཕྱིར་ལོག་ནས་ཐོན་སྐྱེད་བྱེད་དགོས་པས་ཉིན་གཉིས་ལས་འདུག་ཁོམ་མེད”ཅེས་བཀྲ་ཤིས་ཀྱིས་བཤད། ཡུན་རིང་མ་སོང་བར་བཀྲ་ཤིས་ཀྱི་ཨ་མ་ནད་ཀྱིས་མནར་ནས་འདས་སོང་། དེ་ནི་མ་བུ་གཉིས་ཐུག་འཕྲད་བྱེད་ཐེངས་དང་པོ་ཡིན་ལ་ཆེས་མཐའ་མཇུག་ཀྱང་ཡིན་བྱུང་།

ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

ཟླ་དྲུག་པའི་ཟླ་དཀྱིལ་གྱི་མདོ་ལ་ནི་དཔྱིད་དཔལ་རབ་ཏུ་བཞད་ཀྱང་། དབྱར་ཁར་ཉེ་བའི་ལོ་མ་རྒྱས་པའི་དུས་ཚིགས་ཡིན་མོད། འོན་ཀྱང་ཆར་ཆུ་ནི་ཐོག་མཐའ་བར་གསུམ་དུ་བབས་པས། མདོ་ལ་ནི་དྲོ་གྲང་སྙོམས་པའི་རྣམ་པ་ཞིག་ཏུ་གནས་ཡོད། ཟླ6པའི་ཚེས13ཉིན་ནི་ཐོབ་དཀའ་བའི་གནམ་གཤིས་ཐང་བའི་ཉིན་ཞིག་ཡིན་པ་དང་། འབྲོང་ལུང་ཞང་མགོ་མང་སྡེ་བར་བསྐྱོད་པའི་ལམ་བར་དུ་དགུང་སྔོན་དང་གངས་རིའི་དཀྱིལ་དུ་སྤྲིན་དཀར་འཁྲིགས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་རི་ཀླུང་། དྭངས་ཤིང་གཙང་བའི་ཆུ་བོ། ནོར་ལུག་སོགས་རི་འདབས་སུ་སྐར་ཚོགས་བཞིན་མདོ་ལ་རི་འདབས་སུ་བརྒྱན་པ་དང་། གནམ་འོག་གི་འབྲོག་ར་ཡག་པོ་མདོ་ལས་སླར་ཡང་ཁོང་གི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་ཕྱི་ལ་མངོན་སོང་།

ཉིན་གུང་དུས། ང་ཚོ་སྒོ་ར་ཆེན་པོ་ཞིག་ཏུ་ཐོན་ཏེ་སྒོ་རའི་ནང་སྐྱོད་སྐབས་ན་གཞོན་གཟུགས་རིང་ཞིག་གིས་ང་ཚོ་ཁང་བའི་འགྲུལ་ཁང་དུ་འཁྲིད་སྐབས་བགྲེས་སོང་ཞིག་འབོལ་ཁྲིའི་ཐོག་ཉལ་ནས་ཉིན་གུང་ངལ་གསོ་རྒྱག་གི་ཡོད་པ་མཐོང་སྐབས། ཁོང་གི་མགོ་སྔས་ཤིང་གི་འབོལ་ཁྲིའི་ཐོག་བཞག་འདུག སྐད་མཐོ་བའི་མིའི་སྐད་ཀྱིས་རྒན་པོ་མྱུར་མོར་གཉིད་ལས་སད་བྱུང་། ང་ཡ་མཚན་པ་ཞིག་ནི་རྒན་པ་ཉིན་གུང་གཉིད་སྐབས་མལ་ཐུལ་ཅི་ཡང་གོན་མེད་ལ། དེ་མིན་ཁང་བའི་སྒོ་ཡང་བརྒྱངས་ནས་བཞག་ཡོད་འདུག ང་ཡ་མཚར་བ་ཤེས་ནས་ངའི་འགྲོ་རོགས་ཨོ་རྒྱན་ནོར་བུས་ཨ་མྱེས་ཐར་ཧྲིའི་ལུས་ཕུང་བཟང་བ་མ་ཟད་རྣམ་རིག་ཧ་ཅང་གསལ་བོ་རེད།  ཁོང་གིས་སྔོན་ཆད་ཐོན་སྐྱེད་རུ་ཁག་གི་རྩིས་གཉེར་བའི་འགན་འཁུར་མྱོང་བ་མ་ཟད། ད་དུང་རྒྱ་སྐད་ཀྱང་ཡག་པོ་བཤད་ཐུབ་འདུག་ཅེས་བཤད།

དེ་ནི་བབ་ཆགས་པའི་མི་རབས་བཞི་འཛོམས་ཀྱི་ཁྱིམ་ཚང་ཞིག་ཡིན་ཞིང་། ཐར་ཧྲི་བུ་གསུམ་པ་རིན་ཆེན་འོད་ལོ་ཁྱིམ་ཚང་གང་བོ་དང་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཚ་མོ་སྐར་མ་མཚོས་འོ་མ་དཀྲོག་ནས་ཕྱུར་བ་ལེན་བཞིན་ཡོད། ཁོ་མོ་ལོ23ཡིན་ཡང་བྱིས་པ་ལོ་གསུམ་ཞིག་གི་ཨ་མ་ཉན་ཡོད། ཚ་མོའི་མག་པ་སྒྲོལ་རྒྱལ་ནི་བོད་རིགས་ཡིན་པ་དང་། 2015ལོར་ཐར་ཧྲིའི་ཁྱིམ་དུ་ཡོང་ནས་མག་པ་བྱས་པ་རེད།

སྐུ་གཟུགས་ཆེ་ཞིང་གདོང་ལ་དམར་མདངས་བཀྲ་བའི་ཐར་ཧྲིས་ཐ་མག་རྐང་གཅིག་སྦར་ཏེ། ཕལ་ཆེར་ཁོང་གིས་འདས་སོང་གི་བྱ་བར་ཕྱིར་དྲན་བྱེད་བཞིན་པ་འདྲ། 1958ལོར། ལོ19ལ་སླེབས་པའི་ཐར་ཧྲི་ནི་མདའ་བཞི་རྫོང་ཧྭ་ལི་ཅིན་ཞང་གི་ཁྱིམ་ཚང་ཞིག་ཏུ་མག་པ་བྱས། བཟའ་མི6ཡོད་དེ་གྱོས་པོ་གྱོས་མོ་དང་། ཆུང་མ། བུ་ཆེ་བ་ལོ3དང་ཆུང་བ་ད་དུང་ཟླ་ཁ་གང་མེད་པ་དང་། ཉལ་ཆས་དང་པགས་རྩེག་འཁྱེར་རྗེས་མཉམ་ལས་ཁང་གི་དུད་ཚང་སུམ་ཅུ་བཞི་བཅུ་ཙམ་དང་མཉམ་དུ་ལུག་སུམ་སྟོང་བཞི་སྟོང་ཙམ་དང་། འབྲི་གཡག་བརྒྱ་ཕྲག་ཁ་ཤས་དེད་དེ་རྒྱང་ཐག་རིང་བའི་གནས་སྤོའི་ལམ་བུའི་ཐོག་བསྐྱོད་པ་རེད། ཐོ་ལེ་ཕྱུགས་ར་ནས་ཁོང་ཚོ་སླར་ཡང་འབྲོང་ལུང་མགོ་མང་སྡེ་བར་གནས་སྤོ་བྱས་པ་དང་སྐབས་དེ་དུས་ཁོང་ཚོའི་བུ་མོ་ཆེ་བ་སྐྱེས་པ་རེད།

བཟའ་མི་ཚང་མ་སྦྲ་གུར་གཅིག་གི་ནང་བསྡད་ཡོད། དགུན་ཁའི་གྲང་རེག་འགོག་ཆེད་ཁོང་ཚོས་ཚ་ཐབ་བཟོས་པ་སྟེ། གུར་ནང་དུ་གཞོང་སྟེགས་ཤིག་བརྐོས་པ་དང་དེའི་སྟེང་ཤིང་ལེབ་འགའ་བཞག་ཅིང་། དེར་འདམ་བག་རྒྱབ། གུར་གྱི་ཕྱི་རུ་ས་ཐབ་ཅིག་ལས་ནས་དེའི་ནང་ལ་ལྕི་སྐམ་ཅུང་ཙམ་བཞག་ན་གུར་ནང་གི་ས་དོང་ལ་ཚ་དྲོད་རྒྱས་ཡོང་།

བུད་མེད་ཚོས་ཁྱིམ་དུ་ཟ་མ་ལས་ཏེ་བྱིས་པར་བལྟ་སྐྱོང་དང་སྐྱེས་པ་ཚོས་ཐོན་སྐྱེད་རུ་ཁག་ནས་ནོར་ལུག་འཚོ་བ་དང་རྡོ་བསྐྱེལ་ནས་ལུག་ར་བརྩིགས། རྩི་ཐག་འཁེལ་བའི་ལས་བྱས།  སྐབས་དེ་དུས་རྩྭ་ཐང་ཐོག་འཚོ་བའི་འཐུང་ཆུ་མེད་པ་དང་དབྱར་ཁར་སྤྱི་ལེ་དྲུག་བདུན་ཙམ་གྱི་སར་ཆུ་ལེན་པར་འགྲོ་དགོས་པ་དང་། དགུན་ཁར་སྒྱེ་མོར་བརྟེན་ནས་དར་སྐྱེལ་དགོས། ཁྱིམ་ནང་གི་བྱིས་པ་མང་ཆེ་བར་ཆུ་འཁུར་དང་ཆུ་དབོར་བའི་ཉམས་མྱོང་ཡོད་པ་མ་ཟད། རྩྭ་ཐང་སྟེང་བྱེ་རླུང་མཚམས་མི་ཆད་པར་གཡུག་སྲིད་ལ། ཁོག་མའི་ནང་ཆུ་བསྐོལ་ན་བྱེ་མས་ཁེངས་ཡོད། 1978ལོར་སླེབས་སྐབས། འཚོ་བ་རིམ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་ལོ་མཇུག་ཏུ་དགུན་ཤ་ནང་ནས་ཉོ་བཙོང་བྱས་ཆོག་པར་བརྟེན་བཟའ་མི་ཡོངས་ལ་ལྟོ་རྒྱགས་ཚད་ཅིག་ཟས། དུས་རབས20པའི་ལོ་རབས80པའི་དུས་མགོར་ཐེངས་དང་པོར་ཕྱུགས་རིགས་ཁྱིམ་ཚང་ལ་དབང་བ་དང་རྩྭ་རར་བགོ་བཤའ་བརྒྱབ་པ། ཐར་ཧྲི་ཁྱིམ་དུ་ལུག310དང་། འབྲི་གཡག80། རྟ་གཅིག་བཅས་བགོས་པ་དང་། རྒྱལ་ཁབ་ལ་འབྲོག་ལས་ཀྱི་དཔྱ་ཁྲལ་སྤྲད་པ་ཕུད་ནོར་ལུག་རང་མོས་ངང་ཉོ་ཚོང་བྱེད་ཆོག་པ་དང་ཐར་ཧྲིས་རང་ཉིད་ནི་དངོས་འབྲེལ་རང་ཁྱིམ་རང་བདག་བྱེད་མཁན་ཞིག་ཡིན་པ་ཚོར་ནས་གཉེར་སྐྱོང་ལ་མཁས་པའི་ཁོང་གིས་ལོ་གཉིས་པར་ཁྱིམ་དུ་ཁང་པ་གསར་པ་ལས་པ་རེད། 1985ལོར་ཐར་ཧྲིས་སྡེ་བ་ཡོངས་ནས་སོ་ཕག་གི་ཁང་པ་ཐོག་མ་ལས། 2002ལོར་བཟོ་གྲྭ་ཕྱིར་འཐེན་བྱས་ཏེ་ཞང་བསྐྲུན་རྗེས་ཕྱུགས་རིགས་ཚང་མ་ཁྱིམ་ཚང་ལ་དབང་བ་དང་འབྲོག་པར་གཉེར་སྐྱོང་དབང་ཆ་ཆ་ཚང་ཡོད། 2009ལོར་བཟའ་མི་ཚང་མས་ཁང་པ་གསར་པ་ལས་པ་མ་ཟད། ད་དུང་སྒོར་ཁྲི30ལྷག་ཙམ་བཏང་ནས་རྫོང་མཁར་དུ་སྨི་གྲུ་བཞི་མ115ཡོད་པའི་ཐོག་ཁང་ཉོས།

ད་ལྟ་ཁོང་གིས་རང་ཉིད་རྒས་ཟིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་ཁྱིམ་གཞིས་བུ་ལ་སྤྲད་པ་དང་། ཆུང་དུས་ནས་ཕྱུགས་འཚོས་ནས་ནོར་ལུག་གི་གོམས་གཤིས་ལ་རྒྱུས་མངའ་ཡོད་ལ་གཉེར་སྐྱོང་བྱེད་སྟངས་ཀྱང་ཤེས་པའི་རིན་ཆེན་འོད་ལོ་ཡིས“དབྱི་ཁེ་ཞིས་ར་ཁྱིམ་ཚང་ཕྱུགས་ར”བཙུགས་ལ། དེ་ནི་སྡེ་བ་ཡོངས་ཀྱི་ཞིང་ཆེན་རིམ་པའི་དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་ཕྱུགས་ར་གཅིག་པོ་དེ་ཡིན་པ་དང་། 2017ལོའི་ལོ་མཇུག་ཏུ་དངོས་སུ་འཁོར་རྒྱུག་བྱས་ཚུན། ཕྱུགས་རའི་ལོ་རེ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི110ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི90ཟིན་གྱི་ཡོད།

ཁྱིམ་གྱི་སྒོ་ཁར་སྙེག་དུས། མིག་ཆུ་དབང་མེད་ཤོར་སོང་།

ད་ཐེངས་ཀྱི་བཅར་འདྲིའི་ས་ཚིགས་མཐའ་མ་ནི་ཆུ་ནག་ཆུ་མགོ་ན་ཡོད་པའི་མདའ་བཞི་སྡེ་བ་ཡིན་པ་དང་། དུས་ཚོད་འཁོར་རྒྱུག་ནི་ཕྱི་དྲོའི་ཆུ་ཚོད་གསུམ་པར་སླེབས་ཡོད། རླངས་འཁོར་སྒེའུ་ཁུང་གི་མདུན་ཕྱོགས་སུ་དུས་ངེས་མེད་དུ་ཆར་པ་ཡང་ཡང་འབབ་ཀྱིན་ཡོད། མ་གཞི་མདའ་བཞི་སྡེ་བ་ནས་རྫོང་མཁར་བར་སྤྱི་ལེ105ལས་མེད་མོད། འོན་ཀྱང་སྡེ་བར་བསྐྱོད་པའི་སྤྱི་ལེ24ཡོད་པའི་གཞུང་ལམ་ལ་དཀའ་ཚེགས་དང་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་དང་། ཕྱོགས་གཅིག་ནི་ཆུ་རྒྱུན་དྲག་ཏུ་རྒྱུག་པའི་ཆུ་ནག་ཆུ་ཡིན་པ་དང་། ཕྱོགས་གཞན་ཞིག་ནི་ཟམ་མི་ཆད་པར་རྦབ་རྡོ་ལྷུང་བའི་རི་བོ་ཆེན་པོ་ཡིན། རྡོ་ཧྲུག་གི་ལམ་བུའི་ཐོག་རླངས་འཁོར་ཀྱག་ཀྱོག་གིས་མདུན་དུ་བསྐྱོད་དཀའ་བ་ཞིག་རེད། མདུན་ཕྱོགས་སུ་མིག་མདུན་དུ་ཡང་ཡང་ཐོན་པའི“མདུན་ཕྱོགས་སུ་རི་ཉིལ་ནས་ཤར་བགྲོད་བཀག་འགོག་བྱེད”ཅེས་པའི་དྲན་སྐུལ་བྱང་བུ་མཐོང་ཐེངས་རེར་གསར་འགོད་པར་སྐབས་ཐོག་གི་ཐེ་ཚོམ་བྱས་མྱོང་ཡོད། རླངས་འཁོར་ཁ་ལོ་བ་ནི་མདོ་ལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཀྲང་ཧེ་ཧྲེང་ཡིན་པ་དང་ཁོང་ནི་ལོ་གཉིས་ལ་སླེབས་པའི་བྱིས་པ་ཞིག་གི་ཨ་ཕ་རེད། གལ་སྲིད་གནས་ཚུལ་བཀྲ་མི་ཤིས་བ་རེ་ཐོན་ཚེ་ང་ཚོས་ཁོང་གི་བཟའ་མིར་རྩིས་སྤྲོད་ཇི་ལྟར་བྱེད་དགོས་སམ། འོན་ཀྱང་། ཁྱོད་དངོས་གནས་ལམ་འདི་ལ་སོང་རྗེས། གུ་དོག་པའི་ལམ་དེ་སྔ་མོ་ནས་ཕྱིར་འཁོར་རྒྱུའི་རེ་བ་མེད་པ་དང་། མདུན་དུ་འགྲོ་རྒྱུ་ནི་གསོན་ལམ་ཉག་ཅིག་ཡིན་པ་ཤེས། དོན་དངོས་ཐོག་འགྲོ་ལམ་གྱི་དཀའ་ཚེགས་ཕུད་གསར་འགོད་པའི་སེམས་ནང་ད་དུང་སེམས་ཁྲལ་གཞན་ཞིག་ཡོད་པ་སྟེ། མདའ་བཞི་སྡེ་བ་དང་འབྲེལ་བ་བྱེད་སྐབས་སྡེ་བར་རྒན་པོ་ལོ་ལོན་བསྡད་མེད་པ་དང་། གལ་ཏེ་དེ་གར་བརྒྱུད་མྱོང་མཁན་གྱི་མི་ཞིག་མཐོང་རྒྱུ་མེད་ཚེ་དེ་ནི་བློ་ཕམ་སྐྱེ་འོས་པ་ཞིག་ཡིན་པ་བསམ་ཚོད་བྱེད་ཐུབ།

ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་ང་ཚོ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི3800ཡོད་པའི་མདའ་བཞི་སྡེ་བར་འབྱོར་དུས། སྡེ་འདབས་ན་སྒུག་འདུག་པའི་སྡེ་བའི་ཀྲུའུ་རིན་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར། མིང་ལ་སྟག་ཐར་རྒྱལ་ཟེར་བའི་རྒད་པོ་ཞིག་ནུབ་མཚོ་གྲོང་རྡལ་ནས་ཕྱིར་ཁྱིམ་དུ་ལོག་མ་ཐག་ཡིན་ཟེར། གསར་འགོད་པ་དགའ་ཚོར་ཆེན་པོ་འགོག་ཐབས་བྲལ་བྱུང་།

སྐབས་དེའི་མདའ་བཞི་སྡེ་བའི་མཁའ་དབྱིངས་ནི་སྔོ་ཞིང་དྭངས་པའི་ནམ་མཁའ་ནས་སྤྲིན་དཀར་ལྡང་ཡང་རླུང་འཚུབ་ཀྱིས་མི་རྣམས་ཀྱི་མིག་འབྱེད་མི་ཐུབ་པར་གནམ་མཐའ་ན་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་བཞིན་མཆིས། དེ་ལྟ་བུའི་གནམ་གཤིས་ཀྱིས་ང་ཚོར་ཅི་ཞིག་ནི་རྩྭ་ཐང་གི་མི་རིགས་ངོ་མ་ཡིན་པ་ཤེས་སུ་བཅུག་ཅིང་། ལོ76ལ་སོན་པའི་སྟག་ཐར་རྒྱལ་དང་ལོ75ལ་སླེབས་པའི་བཟའ་ཟླ་ཚེ་རིང་སྐྱིད་ཀྱིས་ཁང་པའི་ཕྱི་རོལ་དུ་ལག་ཏུ་ཕྲེང་བ་བཟུང་ནས་བདེ་བར་བསྡད་ཡོད། གདོང་མདོག་ནག་པོར་གྱུར་བའི་སྟག་ཐར་རྒྱལ་ཡར་ལངས་ཏེ་གསར་འགོད་པ་ཁང་པའི་ནང་ཡོང་དུ་བཅུག་པ་དང་གོམ་པ་དལ་མོའི་ངང་སྤོས་བ་མཐོང་ན་ཁོང་གི་རྐང་པ་དེ་འདྲའི་བདེ་པོ་མེད་པ་མཐོང་ཐུབ།

1958ལོར་མདའ་བཞི་ནས་གནས་སྤོ་བྱེད་སྐབས། ལོ19ལ་སླེབས་པའི་སྟག་ཐར་རྒྱལ་དང་ཁོའི་ཨ་མ། བཟའ་ཟླ། དེ་བཞིན་ཨ་ཅེ་དང་ནུ་མོ་བཅས་མི་དྲུག་གིས་གཡག་གཉིས་ལ་མལ་ཐལ་གཉིས་བཀྱིགས་ནས་བཟའ་རྒྱུ་ཕྲན་བུ་རེ་འཁྱེར་ཏེ་ཁྱིམ་ཚང་སུམ་ཅུ་ལྷག་ཙམ་དང་མཉམ་དུ་མཐའ་ཡས་པའི་གནས་སྤོའི་ལམ་བུའི་ཐོག་བསྐྱོད། ཐོ་ལེ་རུ་ཐོན་དུས་འཁྱག་རོམ་ཆགས་པའི་དུས་ཚིགས་སུ་སླེབས་ཡོད་ལ། ཁྱིམ་ཚང་མང་པོ་ཞིག་ལ་གུར་མེད་སྟབས་ཁྱིམ་ཚང་མང་པོ་འཚང་ཁ་རྒྱབ་ནས་འདུག་དགོས། གུར་ལ་ལས་ནང་ཁྱིམ་ཚང་བཞི་རེ་བསྡད་པ་དང་། དགོང་མོར་སླེབས་དུས་ཁྱིམ་ཚང་རེ་ཟུར་གཅིག་ནས་ཉལ། ལག་བདེ་ལ་ལས་ཚ་ཐབ་བཟོས་ཀྱང་། ཚ་སྐམ་དུ་མ་འགྱུར་བར་འཁྱགས་སྦོས་ཐེབས་པ། ལྕི་བ་སྲེག་ཐེངས་གཅིག་གིས་བཞུ་ནས་འདམ་ཆུས་ཁེངས་ཤིང་། ཁྱིམ་ཚང་ཚང་མ་རློན་ཤིག་ཤིག་གི་ཉལ་ཆའི་སྟེང་དུ་ཉལ་རྒྱུ་ལས་མ་འདས།

སྟག་ཐར་རྒྱལ་ཁྱིམ་ཚང་གཅིག་པོ་ཐོ་ལེ་ཕྱུགས་ར་ནས་ལོ་བཞིར་འཚོ་བ་བསྐྱལ་ཞིང་། སྐབས་དེ་ཐོ་ལེ་དབྱར་དུས་སུ་མི་མེད་ལུང་སྟོང་དང་རྩྭ་མཐུག་སར་པུས་མོའི་མཚམས་སུ་སླེབས། མཚན་མོར་དྲེད་མོང་དང་སྤྱང་ཀི ཁྱི་རྒོད་བཅས་ཁྱུ་དང་ཁྱུ་བྱས་ནས་མི་ཕྱུགས་ལ་གནོད་འཚེ་གཏོང་གི་ཡོད། ཚང་མས་དགོང་མོ་རེས་སྐོར་ནས་ལས་རེས་བྱས་ཏེ་ནམ་གུང་བོ་མེ་ཕུང་རྒྱབ་ནས་གཅན་གཟན་གྱི་རྒོལ་བ་འགོག་དགོས། དགུན་ཁ་སླེབས་སྐབས་སྦྲ་གུར་མེད་པའི་ཁྱིམ་ཚང་གིས་གངས་ཕྱགས་ནས་མགོ་ར་མེད་པར་གནམ་ཁའི་སྐར་ཚོགས་ལ་ལྟ་བཞིན་ཉལ་དགོས་ཀྱིན་ཡོད། ད་རུང་མི་སྐོར་ཞིག་མུ་མཐུད་དུ་མུ་རུ་དང་རྡོ་ལུང་ས་ཁུལ་ལ་གནས་སྤོར་བྱས། 2001ལོར་ཞང་གཉིས་མཉམ་བསྡེབས་བྱས་ནས་མུ་རུ་གྲོང་རྡལ་བཙུགས།

འདི་གར་སྟག་ཐར་རྒྱལ་འབྲོག་པར་གྱུར་ནས་ཟླ་རེར་ཡོང་འབབ་སྒོར55ཡོད། སྐབས་དེ་དུས་ཁྱིམ་ཚང་ཧྲིལ་བོ་སྐྱེས་པ་སྟག་ཐར་རྒྱལ་གཅིག་པོ་མ་གཏོགས་མེད་ལ། གོང་ན་ལོ་ན་རྒན་པའི་ཨ་མ་ཡོད་ལ།  གཤམ་དུ་བྱིས་པ6ཡོད་པ་དང་བཟའ་མི་བཅུ་ཡོད་པའི་ཁྱིམ་ཚང་ཆེན་པོ་འདི་སྟག་ཐར་རྒྱལ་དང་བཟའ་ཟླ་གཉིས་ཉིན་ལྟར་བཟའ་མི་ཚང་མའི་ལྟོ་གོས་གཉིས་འཛོམས་ཡོང་བའི་ལས་ལ་བྲེལ་བཞིན་ཡོད། བུ་མོ་སྒྲོལ་མ་སྐྱིད་ཀྱིས་སྐབས་དེར་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྐབས་དེར་ཨ་མས་བྱིས་པ་སྐྱེས་ནས་ཉིན3ཙམ་སོང་རྗེས་པུས་མོ་ས་ལ་བཙུགས་ནས་འོ་མ་བཞོ་བ་དང་། ཐགས་འཐག་པ། རྩྭ་ཐང་གི་བརླན་གཤེར་ཆེ་བའི་གནམ་གཤིས་ཀྱིས་མོའི་ཨ་མར་གྲུམ་བུའི་ནད་ཕོག་ཡོད། དུས་ཚིགས་དེར་མགོ་བོ་ན་བ་དང་ཚ་བ་རྒྱག་དུས་ཚང་མས་བཟོད་བསྲན་བྱས་ནས་སྨན་བཅོས་བྱེད་དུ་མི་འགྲོ་བ་དང་། དངོས་ནས་ནད་གཞི་དྲག་པོ་བྱུང་ན། ད་གཟོད་སྤྱི་གཞུང་གིས་རྟ་གཡུང་མོ་ཞིག་བཀོད་སྒྲིག་བྱས་ནས་དབྱར་དུས་ཕྱུགས་ར་ནས་ཞང་བར་སྤྱི་ལེ90ཙམ་ཡོད་པ་དང་། ཉིན་གསུམ་ཙམ་སོང་ཡང་ཐོན་དཀའ། དགུན་དུས་རྩྭ་ར་ནས་ཞང་བར་སྤྱི་ལེ30ཡོད་པ་དང་རྟ་ཞོན་ཡིན་ཡང་ཉིན་གཅིག་གི་འགྲོ་ལམ་ཡིན།

དུས་རབས20པའི་ལོ་རབས80པའི་དུས་མགོར་བཟའ་མི་ཡོངས་ཀྱི་འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་པ་དང་ལོ་རབས90པར་སྟག་ཐར་རྒྱལ་གྱིས་སྡོད་ཁང་གསར་པ་ལས་པ་རེད། 2006ལོར་ཆུ་ནག་དར་ཁ་མ་བཅད་གོང་གློག་སྡོང་གིས་ཆུ་འགྲམ་ནས་གྲལ་སྟར་བསྒྲིགས་ནས་སྡེ་བའི་ནང་ཁྲིད་ཅིང་། གློག་འོད་ཀྱིས་མདའ་བཞི་སྡེ་བར་འོད་སྣང་བསྐྲུན་ཞིང་། སྡེ་བའི་ནང་སྡེ་མི་དག་གིས་བརྙན་འཕྲིན་ལྟ་བ་དང་གོས་འཁྲུ་འཕྲུལ་ཆས་དང་འཁྱགས་སྒམ་བེད་སྤྱོད་བཏང་ཐུབ་པ་དང་། གློག་ཤར་གཏོང་ཐུབ་རྗེས་སླར་ཡང་ཆུ་འཐེན་འཕྲུལ་འཁོར་གྱིས་ཆུ་འཐེན་གྱི་ཡོད། འཚོ་བ་ཉིན་རེ་ནས་ཉིན་རེ་ཇེ་བཟང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་སྟག་ཐར་རྒྱལ་དང་བཟའ་ཟླ་གཉིས་ཀྱང་ལོ་ཟླས་དེད་པའི་རྒས་གཉེར་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལྟ་རྒན་རྒོན་གཉིས་ཀ་བུ་མོ་ཆུང་བ་སྐལ་བཟང་སྐྱིད་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། རྒན་རྒོན་གཉིས་ཀ་ཅུང་ཙུམ་རེ་ཁོམ་ན་འདས་པའི་འཚོ་བར་ཕྱིར་དྲན་བྱེད་བཞིན་ཡོད།  སྐབས་དེ་དུས་སྐལ་བཟང་སྐྱིད་ཀྱིས་བློ་ཁོག་ཆེན་པོས་བསམ་བློ་བཏང་ནས་ནུབ་མཚོ་གྲོང་རྡལ་དུ་ཁང་པ་ཉོས་ན་རྒན་རྒོན་གཉིས་ཀ་དགུན་ཟླ་རིང་མོ་སྐྱེལ་ཐུབ་པ་མ་ཟད། རྒན་རྒོན་གཉིས་ཀ་གཉེན་ཉེར་སྐྱོད་རྒྱུར་ཡང་སྟབས་བདེ་བསྐྲུན་ཐུབ་པས་སྐལ་བཟང་སྐྱིད་ཀྱི་བསམ་ཚུལ་ལ་བཟའ་མི་ཡོངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ད་ཆ་བཟའ་མི་ཚང་མ་ལོ་ལྟར་དབྱར་དགུན་དུས་སུ་ནུབ་མཚོ་གྲོང་རྡལ་དང་མདའ་བཞི་སྡེ་བ་གཉིས་སུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། “ང་དང་རྩྭ་ཐང་ལ་ཁ་ཆད་ཅིག་ཡོད་དེ། མཉམ་དུ་ཐུན་མོང་གི་རྩ་བ་འཚོལ་དུ་འགྲོ  ད་ལྟ་ཕ་ཡུལ་དུ་ལོག་པའི་ལམ་བུ་དེར་བསྐྱོད་ནས་ཉི་འོད་རབ་ཏུ་འཚེར་བའི་འོག་དཔྱིད་དཔལ་བསུ”ཞེས་པའི་གླུ་སྐད་འདི་ལས་སྟག་ཐར་རྒྱལ་བཟའ་མི་གང་བོའི་ད་ལྟའི་འཚོ་བ་མཚོན་ཐུབ།

ནོར་ལུག་གི་གྲངས་ཀ་བསྡུར་བ་ལས་བྱིས་པའི་སློབ་སྦྱོང་བསྡུར།

མདོ་ལ་ནས་རྡུལ་ཕྲན་མཁར་དུ་གནས་སྤོ་ཡུལ་མི་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་མིན་མོད། འོན་ཀྱང་འདི་གར་ཁྱེད་རང་ག་དུས་ཡིན་ཡང་གནས་སྤོས་ཡུལ་མིའི་རྗེས་རབས་པ་ཐུག་ཐུབ་པ་སྟེ། འབྲོང་ལུང་ཞང་ཏང་ཨུའི་ཧྲུའུ་ཅི་ཆི་ཚེ་རིང་དང་། གཡང་ལུང་ཞང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་སངས་རྒྱས་དོན་གྲུབ། ཆུ་ནག་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ནོར་བུ་བཟའ་ཟླ་སོགས་གནས་སྤོ་ཡུལ་མི་མི་རབས་གཉིས་པ་ཡིན་པའི་ངོས་ནས་ཁོང་ཚོས་དེ་སྔ་ཕ་མེས་ཚོས་བརྒྱུད་མྱོང་བའི་དཀའ་ཚེགས་ལོ་ཟླ་དཔང་པོ་བྱས་ཡོད་ལ་ཕ་མེས་ཚོས་དཀའ་སྤྱད་སྡུག་རུས་ཀྱི་རང་གཤིས་ཀྱང་རྒྱུན་འཛིན་བྱས་ཡོད།

གནས་སྤོ་ཡུལ་མིའི་མི་རབས་གཉིས་བ་གླེང་དུས་གཡང་ལུང་ཞང་གི་ཞང་དཔོན་རྒྱ་མཚོར་མྱོང་ཚོར་ཟབ་མོ་ཡོད་དེ། ཞང་ཡོངས་ནས་བརྒྱ་ཆའི60ཡི་སྡོད་དམངས་ནི་མདའ་བཞི་ནས་གནས་སྤོ་བྱས་པའི་ཁྱིམ་ཚང་ཡིན་ལ། མི་རབས་གཉིས་ཀྱི་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་ར་ཆེ་ཤོས་རྒྱལ་གཉེར་ཐོ་ལེ་ཕྱུགས་ར་བཙུགས་པ་དང་། འདི་ནི་མཚོ་བྱང་ཁུལ་གྱི་འབྲོག་ལས་རྟེན་གཞི་ཆེ་ཤོས་ཀྱང་ཡིན་པ་དང་དེ་རུ་སྐད་གྲགས་ཆེ་བའི་བོད་ལུག་དང་བལ་ནག་ལུག་གསོ་སྤེལ་བྱས་པ་མ་ཟད། ཨེ་ཤེ་ཡའི་ཤྭ་བའི་ར་བ་ཆེ་ཤོས་ཀྱང་དེ་གར་བསྐྲུན་ཡོད། སྔོན་བྱོན་མེས་པོ་ཚོས་རྒྱལ་སྲུང་འཛུགས་སྐྲུན་ལ་ལེགས་སྐྱེས་ཕུལ་ཡོད་པ་ང་ཚོས་བརྗེད་མི་རུང་། ད་ལྟ་གནས་སྤོ་ཡུལ་མི་དེ་དག་གིས་སྔར་བཞིན་ཁྱིམ་ཚང་ཆུང་ཆུང་དོར་ནས་ཆེན་མོ་ཆེད་དུ་ཤུགས་སྣོན་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དུས་མཚམས་གོང་མར་རྒྱལ་ཁབ་གློག་གྲྭ་གནད་ཁེལ་དབུལ་སྐྱོར་རྣམ་གྲངས་ཐད་སྔོན་ལ་ས་ཆ་བསྡུ་སྤྱོད་ཀྱི་འགྲོ་ལུགས་གཉེར་བ་དང་ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་ད་དུང་སྤྲད་མེད་པའི་སྐབས་མང་ཚོགས་ཀྱིས་སྔོན་ལ་རྫོང་དང་མཐུན་སྦྱོར་ངང་ལས་ཀའི་དུས་ཚོད་དང་རྗེས་སུ་རིམ་གྱིས་ཁ་གསབ་སྤྲོད་ཆོག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། དེ་རིང་གནས་སྤོ་ཡུལ་མིའི་རྗེས་རབས་པ་རྣམས་ཀྱིས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་ཀྱང་མིག་དཔེའི་ནུས་པ་ཐོན་ཡོད། ལོ37ལ་སླེབས་པའི་རྒྱ་མཚོ་ནི་ངང་ཐུང་འཚབ་འཚུབ་ཅིག་ཡིན་པས། སྐད་ཆ་བཤད་མ་ཚར་གོང་ཁོང་གིས་གསར་འགོད་པ་ཁྲིད་དེ་སྤྱི་ལེ20ཡི་ཕྱི་རོལ་གྱི་ཆུ་ཁོལ་སྡེ་བར་བསྐྱོད།

ཆུ་ཁོལ་སྡེ་བ་ནི་བོད་རིགས་དང་ཧོས་རིགས་ཀྱིས50%བཟུང་བའི་སྡེ་བ་ཞིག་ཡིན་པ་དང་སྡེ་བ་དེ་ཡོངས་ལ་ཁྱིམ་ཚང238ཡོད་པ་དང་མི810མང་ཆེ་བ་ནི་ལོ་དེའི་གནས་སྤོ་ཡུལ་མི་རེད། སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཨེར་སི་མཱ་ནི་བོད་ཆས་གྱོན་ཞིང་སོག་སྐད་བཤད་པའི་ཧོས་རིགས་ཕོ་རྒོད་ཅིག་ཡིན་ཞིང་། ཁོང་དང་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རིན་ནན་ཀྲི་ཀང་ནི་གནས་སྤོ་ཡུལ་མིའི་མི་རབས་རྗེས་མ་ཡིན་ཞིང་། ཁོང་གཉིས་ཀྱིས་སྤོབས་པ་ཆེན་པོས་གསར་འགོད་པར་བཤད་རྒྱུར། ཆུ་ཁོལ་སྡེ་བའི་ནང་ཕྱི་ལ་ཐོན་པ་མང་ཤོས་ནི་སྨན་པ་དང་དགེ་རྒན་ཡིན་ཞིང་། སློབ་མས་སློབ་སྦྱོང་ཡག་པོ་བྱ་རྒྱུར་སྐུལ་ལྕག་བྱ་ཆེད། སྡེ་བས་ད་དུང་ཆེད་སྤྱོད་མ་དངུལ་བཏོན་ནས་ལོ་ལྟར་སློབ་ཆེན་དང་ཆེད་སྦྱོང་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པའི་སློབ་མར་བྱ་དགའ་སྤྲོད་ཀྱི་ཡོད། ད་ལྟ་སྡེ་བ་ཡོངས་སུ་སློབ་བྱོལ་སློབ་མ་གཅིག་ཀྱང་མེད། རྒྱ་མཚོས་ཁ་གསབ་ཀྱི་སྒོ་ནས་བཤད་རྒྱུར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་གི་ཡོན་ཀྲང་གཞོན་པ་སྟག་ལྷ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གི་རྫོང་དཔོན་ཚེ་མཁར་རྒྱལ། འཇུ་ལག་ཧོས་རིགས་རང་སྐྱོང་རྫོང་གི་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་བརྟན་བཅས་ནི་སྡེ་བ་འདི་ནས་སོང་བ་རེད་ཟེར། ཨར་སི་མ་ནེ་ཡིས་བཤད་རྒྱུར། གནས་སྤོས་ཡུལ་མི་མི་རབས་དང་པོའི་འཚོ་བར་དཀའ་ངལ་ཡོད་པའི་རྐྱེན་གྱིས་ཁྱིམ་ཚང་མང་པོ་ཞིག་གིས་བྱིས་པ་སྔ་མོ་ནས་འབྲོག་ལས་བྱེད་དུ་བཅུག་ཡོད། དེར་བརྟེན་གནས་སྤོ་ཡུལ་མི་མི་རབས་གཉིས་པའི་ཁྲོད་དུའང་མི་མང་པོ་སློབ་གྲྭར་སྐྱོད་མྱོང་མེད། ད་ལྟ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པས་ཚང་མས་ཤེས་བྱ་ཡག་པོ་སྦྱངས་ཚེ་གཞི་ནས་འབྱུང་འགྱུར་གྱི་རྩྭ་ཐང་འཛུགས་བསྐྲུན་ཐུབ་པ་ཤེས་ཀྱི་ཡོད།

དེ་ཡང་ཆི་ཚེ་རིང་གིས་བཤད་རྒྱུར། ད་ལྟ་འབྲོག་ཁུལ་དུ་ནོར་ལུག་མང་ཉུང་མི་བསྡུར་པར། སུ་ཚང་གི་བྱིས་པ་སློབ་སྦྱོང་ལ་བཟང་ངན་བསྡུར་གྱིན་འདུག སྣོད་བཅུད་སྲུང་སྐྱོང་གི་འདུ་ཤེས་ཉིན་བཞིན་མི་སེམས་སུ་ཟུག་པ་དང་བསྟུན་ནས་ཚང་མའི་ཀླད་པའི་ནང་གོ་དོན་ཞིག་ཡོད་པ་དེ་ནི་འབྲོག་ལས་འཕེལ་རྒྱས་གཏོང་བར་གྲངས་འབོར་ཉུང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་དགོས་པ་དེ་རེད། སློབ་གསོ་འཕེལ་རྒྱས་བཏང་ཚེ་གཞི་ནས་རྩྭ་ཐང་གི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་ཕྱིན་ཐུབ་པ་ཚང་མའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

སྐབས་དེ་དུས་རྡུལ་ཕྲན་མཁར་གྱི་གནས་སྤོས་ཡུལ་མི་ཚོས་ཕ་ཡུལ་གྱི་ས་ཆར་བརྩེ་བ་ཆེན་མོས་རྒྱང་ལྟ་བྱེད་མྱོང་ཡོད་ལ། ཐ་ན་རྨི་ལམ་དུ་ཐེངས་མང་དུ་ཕ་ཡུལ་ལ་ལན་མང་གོམ་པ་སྤོས་མྱོང་། ད་ལྟ་དུས་རབས་ཕྱེད་ཀ་ལྷག་ཙམ་འབད་འཐབ་བྱས་པ་བརྒྱུད་ཁོང་ཚོས་དགོད་སྒྲ་དང་རྔུལ་ཆུ་ཚང་མ་མདོ་ལ་རིང་མོའི་ས་གཞི་དེའི་ཐོག་གཏོར་བ་དང་ཁོང་ཚོའི་སེམས་པ་ཡང་ས་གཞི་དེའི་ཐོག་ཐུམས་ཡོད། དེ་སྔའི་ཕ་ཡུལ་གྱི་བརྩེ་སེམས་དེ་འབྲོག་པའི་སེམས་ནང་གི་རྟག་བརྟན་གྱི་དྲན་ཤེས་སུ་གྱུར་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号