གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག་ཅེས་པའི2024ལོའི་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུག་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཇུ་ལག་རྫོང་དུ་འཚོགས། 

ཟླ7པའི་ཚེས7ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་མཁོ་ཚོང་མཉམ་ལས་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་བྱང་ཁུལ་སྲིད་གཞུང་དང་འཇུ་ལག་རྫོང་སྲིད་གཞུང་གིས་སྒྲུབ་འགན་འཁུར་བ། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་སོ་སོའི་མདུན་ཕྱོགས་བྱ་བའི་སྒྲིག་གཞིས་གཞོགས་འདེགས་བྱས་པའི་ལུས་རྩལ་བདེ་ཐང་འཚོ་བཅུད་ཀྱི་མཐོ་ཚད་གསར་པ——གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག་ཅེས་པའི2024ལོའི་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུག་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དེ་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་གི་ལྷག་རིམ་འགྲན་སྡུར་མཚོ་བྱང་ཁུལ་གྱི་རང་སའི་འགྲན་རའི་འགྲན་སྡུར་ལ་བརྟེན་ནས་འཇུ་ལག་རྫོང་དུ་སྤེལ། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ལིས་ཅ་ཁྲིན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཁའེ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིན་ཡོན་དང་དེ་བཞིན་འབྲེལ་ཡོད་མགོ་ཁྲོད་བྱེད་སྒོར་ཞུགས། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧྲི་ཀྲང་ཀྲིས་གཙོ་སྐྱོང་གནང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་ཅིན་ཧྲིན་ཧྲིག་གིས་ཤིས་ཚིག་ཕུལ། 

ཚོང་དོན་པུའུ་ཡི་ཞི་ཨན་དུ་བཅའ་སྡོད་བྱེད་པའི་ཆེད་སྒྲུབ་ཆེད་མངག་མི་སྣ་ཞེ་དབྱིན་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་དཔལ་འབྱོར་སི་ཡི་སི་ཀྲང་གཞོན་པ་ཧྥན་ཝུན་ཐོ་གཉིས་གདན་ཞུ་ལྟར་བྱེད་སྒོར་ཞུགས། ཞིང་ཆེན་ཞིང་སྡེ་པུའུ་ཡི་ཁྲོམ་ར་དང་ཆ་འཕྲིན་ཅན་སི་ཡི་སི་ཀྲང་གཞོན་སུང་ཏན་དབྱང་གིས་ཤིས་ཚིག་ཕུལ། པེ་ཅིང་དང་ཧྲང་ཧེ། ཅང་སུའུ། ཧྲན་ཏུང་སོགས་ནས་སླེབས་པའི་བཟོ་ཚོང་ལས་རིགས་ཀྱི་སྐུ་མགྲོན200ལྷག་གདན་ཞུ་ལྟར་བྱེད་སྒོར་ཞུགས།

ཐེངས་འདིའི་བྱེད་སྒོས་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་གཉེར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟེགས་བུའི་གཞི་རྟེན་གང་ལེགས་སྤྱད་དེ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལམ་སྲོལ་ལ་བརྟེན་ནས་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུག་མ་འདྲེན་གྱི་བརྗོད་དོན་ཡིན་པའི་འོས་སྦྱོར་དང་ཐོན་འཚོང་འབྲེལ་མཐུད་ཀྱི་ཆེད་དོན་ངོ་འཕྲད་གྲོས་མོལ། ཡུལ་དངོས་སུ་གཅིག་སྡུད་ཐོག་གན་རྒྱ་འཇོག་པ། ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་འོས་སྦྱོར། ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་གཉེར་ཐོན་ལས་ཀྱི་ཆས་རྟགས་ཁྱབ་བསྒྲགས་དང་རྐང་རྩེད་སྤོ་ལོའི་ལུས་རྩལ་པས་ཞིང་ཕྱུགས་ལས་ཆས་རྟགས་མགྲིན་ཚབ་པ་བྱེད་པ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག་གི་ཞིང་ཕྱུགས་ལས་ས་ཁུལ་གྱི་སྤྱི་སྤྱོད་ཆས་རྟགས་སྣང་བརྙན་གང་ལེགས་མངོན་པར་བྱས་ཏེ་མ་འཇོག་བྱེད་མཁན་དེ་བས་མང་བའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་དཔལ་འབྱོར་ཕྱོགས་སྒྱུར་དང་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱས་འདུག

བྱེད་སྒོའི་ཁྲོད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"ཅེས་པ་བརྗོད་དོན་ཡིན་པའི་འོས་སྦྱོར་བྱེད་སྒོ་སྤེལ་བ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཁེ་ལས8ཀྱིས་ཆེད་དོན་འོས་སྦྱོར་བྱས་པ། ཤར་རྒྱུད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་ཁང་ཆེ་གྲས་དང་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་སོགས་ཉོ་སྒྲུབ་ཚོང་པས་ཞིང་ཆེན་ནང་ཁུལ་གྱི་ཞིང་ཕྱུགས་ཁེ་ལས་དང་ཡུལ་དངོས་ནས་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ། "ང་རང་ཆེས་དགའ་བའི་མཚོ་སྔོན་གྱི་ས་གནས་ཟས་མཆོག་བཅུ་དང་གྲགས་ཅན་ཟས་རིགས་བཅུ"དང་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་གློག་རྡུལ་ས་བཀྲ། 2024ལོའི"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་གྱི་བྲིན་འཚོང་ཐོན་རྫས་ཆས་རྟགས་ཆེན་མོ་བཅུ། "ཞིང་ཕྱུགས་ལས་ཀྱི་མ་འཇོག་ཁེ་ལས་ཕུལ་བྱུང་བཅུ"བཅས་ཀྱི་མིང་ཐོ་དང་དེ་བཞིན2024ལོའི"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"གི་རྐང་རྩེད་སྤོ་ལོའི་ལུས་རྩལ་པའི་གཟུགས་བརྙན་ཕོ་ཉ་བཅས་ཡོངས་བསྒྲགས་བྱས།

ཐེངས་འདིའི་བྱེད་སྒོའི་ནང་། ཁྱོན་གྲོང་ཁྱེར་དང་ཁུལ8ཀྱི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་ཁེ་ལས70ཡི་ཞིང་ཕྱུགས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས216འགྲེམས་སྟོན་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་། ཤར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར53གྱི་ཉོ་སྒྲུབ་ཚོང་པ་སྒྲིག་འཛུགས་བྱས་ནས་རང་རེའི་ཞིང་ཆེན་གྱི་ཞིང་ཕྱུགས་ཁེ་ལས84དང་ཆེད་དོན་ངོ་འཕྲད་གྲོས་མོལ་བྱས་ཤིང་། མཉམ་ལས་ལས་གཞི་ཁྱོན54གྲུབ་འབྲས་ཐོབ་པའི་ངང་གན་རྒྱ་བཞག་པ་དང་། དེའི་ནང་ཞིང་ཕྱུགས་ལས་ཀྱི་ལས་གཞི34དང་སྤྲོ་གསེང་ཞིང་ལས་ཞིང་སྡེའི་ཡུལ་སྐོར་མཉམ་ལས་ལས་གཞི10། མཐོ་སྒང་རྫས་མཆོག་དྲ་རྒྱའི་ཐད་གཏོང་མཁན་གྱིས་གན་རྒྱ་བཞག་པའི་ཁེ་ལས10བཅས་ཡོད་པ་རེད། བྱེད་སྒོ་རྒྱལ་ཁའི་ངང་སྤེལ་བ་དེས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་དང་འོས་སྦྱོར་གྱི་གར་སྟེགས་དེ་བས་རྒྱ་ཆེ་བ་ཞིག་མཁོ་འདོན་བྱས་པ་དང་རང་རེའི་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཀྱི་ཚོང་འགུགས་མ་འདྲེན་གྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་བ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ཡོད།

ཅིན་ཧྲིན་ཧྲིག་གིས་ཤིས་ཚིག་ནང་མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས"འཛམ་གླིང་གི་ཚད་བརྒལ་གནས་མཆོག་ཆེ་གྲས་བཞིའི"ཡ་གྱལ་ཡིན་པ་ངོས་འཛིན་བྱས་པ་དང་། འདི་གར་ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་བ་དང་། རྩྭ་ཐང་སྔོ་ཞིང་ས་གཞི་གཙང་བས་སྐྱེ་ཁམས་བཟང་པོ་ལྡན་ཡོད་ལ། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ལྗང་མདོག་སྐྱེ་ལྡན་ལེགས་ཆ་ཡང་བཏོད་ཡོད། ཞིང་ཆེན་ཡོངས་ཀྱི་སྐྱེ་ལྡན་རྩྭ་ཐང་གི་ཁས་ལེན་དཔང་འདོན་གྱི་གཞི་ཁྱོན་མུའུ་དུང་ཕྱུར1.5ལས་བརྒལ་བ་དང་། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས1115ཟིན་པས། རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་དང་། དཔྱིད་ཀའི་པད་ཁའི་རྒྱུད་འདྲེས་སོན་བཟོའི་རྟེན་གཞི། ནས་ལས་སྣོན་རྟེན་གཞི། ཆུ་འཁྱག་ཉ་ཐོན་སྐྱེད་རྟེན་གཞི། སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་བཅས་ཡིན་ལ། རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ཁུལ་ཁོ་ན་ཡང་ཡིན་ཟེར། ཁོང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་དམ་པོར་དམིགས་ནས་སྤུས་ཚད་མཐོར་གཏོང་དང་གྲངས་འབོར་སྲ་བརྟན། སྦྲེལ་ཐག་ཁ་གསབ། འདྲེན་རྒྱ་ཆེ་རུ་གཏོང་བ་ཐབས་ལམ་དུ་བཟུང་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"ཅེས་པའི་ཞིང་ཕྱུགས་ལས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་གཟུགས་བརྙན་བཏོད་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ཐབས་ལམ་ཁྱོན་ཡོངས་ནས་རྒྱ་ཆེར་བཏང་སྟེ་མཐོ་སྒང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དེ་བས་མང་བ་དང་དེ་བས་ལེགས་པ་མཚོ་སྔོན་ནས་ཐོན་ཏེ་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་སྐྱོད་དུ་འཇུག་དགོས་པར་བསྟན། 

སུང་ཏན་དབྱང་གིས་ཤིས་ཚིག་ནང་འོས་སྦྱོར་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས"གནས་མཆོག་མཚོ་སྔོན། མཐོ་སྒང་རྫས་མཆོག"ཅེས་པའི2024ལོའི་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུག་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་པ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆས་རྟགས་གཏོད་པ་དང་ཐོན་འཚོང་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་རྒྱ་ཆེར་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་དང་ལྷག་པར་དུ་མཚོ་སྔོན་གྱིས་ཞིང་ལས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་གཉེར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཞིང་ལས་ཞིང་སྡེ་པུའི་ཁྲོམ་ར་དང་ཆ་འཕྲིན་ཅན་སི་ཡིས་ཞིང་ལས་ཀྱི་ཆས་རྟགས་སྤུས་དག་སྐྱེད་སྲིང་དང་དབུལ་ཐར་ས་ཁུལ་གྱིས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་གཏོད་པ་དང་ཐོན་འཚོང་འབྲེལ་མཐུད། འཁྱགས་སྦྲེལ་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཐུན་མོང་ཐོག་མཐོ་སྒང་ས་ཆའི་ཡུལ་ཐོན་ཁྱད་རྫས་ཀྱི་ཆས་རྟགས་གཏོད་རྒྱུ་ཡིན་ཞེས་བསྟན།

ཧྭ་རུན་དབན་ཅ་ཧྭ་ཏུང་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ལི་ཞའོ་པིན་གྱིས་མཚོ་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་པའི་ཚབ་བྱས་ནས་གཏམ་བཤད་གནང་སྟེ། མཉམ་ལས་ཀྱི་གན་རྒྱ་འཇོག་རྒྱུ་དེ་མགོ་འཛུགས་ས་གསར་པར་བྱས་ཏེ་ས་གནས་ཁེ་ལས་དང་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་གཞི་ཁྱོན། ཆས་རྟགས་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི་ཞིང་ཕྱུགས་ལས་དར་རྒྱས་དང་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་བ། རོང་འབྲོག་ཁུལ་དར་རྒྱས་བཅས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་ཟེར།

བྱེད་སྒོ་མགོ་མ་བརྩམ་སྔོན་ལ་ཚོགས་ཞུགས་མགོ་ཁྲིད་དང་སྐུ་མགྲོན། ཚོང་པ་བཅས་ཀྱིས“མཚོ་སྔོན་རྐང་གྲུག་ལྷག་རིམ་འགྲན་སྡུར”གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་སྐོར་སྐྱོད་འགྲེམས་སྟོན་ནང་ཞུགས་པ་དང་འབྲེལ་བྱེད་སྒོ་མཇུག་སྒྲིལ་རྗེས་རིགས་སོ་སོའི་མང་ཚོགས་དང་མཉམ་དུ“མཚོ་སྔོན་རྐང་གྲུག་ལྷག་རིམ་འགྲན་སྡུར”གྱི་མཚོ་བྱང་རང་སའི་འགྲན་རའི་འགྲན་སྡུར་ལ་བལྟས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号