ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་འཇུ་ལག་རྫོང་དུ་བསྐྱོད་དེ"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་མཚོ་བྱང་འགྲན་ཁུལ་གྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་པ།

ཟླ5པའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་མཚོ་བྱང་འགྲན་ཁུལ་གྱི་གྲ་སྒྲིག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ནན་གྱིས་བསྟན་དོན"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བྱ་བའི་དམིགས་ཚད་ལ་དམིགས་ནས"མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོ་བཙུགས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས། མཐུན་སྒྲིལ་རོགས་རེས་བྱས་ཏེ། བྱ་བ་སོ་སོ་དུས་ཐོག་དང་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་པའི་འགན་ལེན་བྱེད་པ་དང་ཕུལ་བྱུང་གི་རྒྱུགས་ལན་སྤྲད་དེ་མཚོ་བྱང་གི་ཆས་རྟགས་གཏོད་དགོས་ཟེར།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ་རུ་ཡུལ་དངོས་ནས་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་བཀོད་ཉམས་གསོ་བྱས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། འགྲན་སྡུར་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུར་གསན་ཏེ་བསྟན་དོན། ཉེ་ལམ་མཚོ་བྱང་གིས"མཚོ་སྔོན་གྱི་ལིང་གྱོ་རྒྱ་རྟགས་མའི"མཚོ་སྔོན་པོའི་རྟ་རྒྱུག་ལྷག་རིམ་འགྲན་སྡུར་དང2024ལོའི"དར་གོས་གངས་ལམ"མཚོ་སྔོན་འཇུ་ལག་གངས་དཀར་གངས་ཤུད་རི་འཛེག་འགྲན་སྡུར་སོགས་ལུས་རྩལ་འགྲན་སྡུར་རྒྱལ་ཁའི་ངང་སྤེལ་ནས་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་དང་མཚོ་བྱང་གི་མཚན་སྙན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་མཚོ་བྱང་གི་འགྲན་སྡུར་ཡག་པོ་གཉེར་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་དང་། ཕྱོགས་ཡོངས་དང་ཟུར་མང་པོ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་མཚོ་བྱང་འགྲེམས་སྟོན་དང་མཚོ་བྱང་མཚམས་སྦྱོར་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཀྱང་ཡིན་ཟེར། ནན་གྱིས་བསྟན་དོན། ངོས་འཛིན་དང་ཚུགས་གནས་སྔར་ལས་མཐོ་རུ་བཏང་ནས་བསམ་བློ་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་པར་བྱས་ཏེ། མཐའ་མའི་དུས་མཚམས་ཀྱི་རྩ་འཛུགས་གྲ་སྒྲིག་བྱ་བར་དམ་འཛིན་ཡག་པོ་བྱས་ནས་ཁྱད་ཆོས་ལྡན་པ་དང་ཆུ་ཚད་ཡོད་པ། ངོ་མཚར་ཆེ་བ་བཅས་ཀྱི་སྒོ་ནས་སྒྲུབ་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཏེ། རྗེས་ཕྱོགས་སུ་འགྲན་སྡུར་ཆེ་གྲས་སྣ་ཚོགས་སྒྲུབ་པར་ཉམས་མྱོང་གསོག་འཇོག་དང་དཔེ་སྟོན་བྱ་དགོས་ཏེ། གཅིག་ནས་འགྲན་སྡུར་གྱི་གྲ་སྒྲིག་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་འགྲན་ར་ཉམས་གསོ་དང་འཛུགས་སྐྲུན་བྱ་རྒྱུ་དེ་མིག་སྔའི་ལས་འགན་ཨང་དང་པོར་བརྩིས་ནས་ལས་ཡུན་ལྡོག་སྒྲིག་དང་མྱུར་ཚད་མགྱོགས་སུ་བཏང་སྟེ། བཟོ་སྐྲུན་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དུས་བཀག་ལྟར་ས་ངོས་ཉམས་གསོ་དང་གཟིགས་སྟེགས་སྲུང་སྐྱོང་། སྒྲིག་བཀོད་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ལྟད་མོ་བའི་སྟེགས་བུ་དང་ལུས་རྩལ་པའི་བགྲོད་ལམ། ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ས་ཁུལ། བྱམས་བརྩེའི་དྲན་སྐུལ། མཛུབ་སྟོན་སྦྱར་བྱང་སོགས་རྨང་གཞིའི་བྱ་བ་ཡག་པོ་སྒྲུབ་དགོས། གཉིས་ནས་གནམ་གཤིས་དང་འགྲིམ་འགྲུལ། བདེ་འཇགས། སྨན་བཅོས་སོགས་ཀྱི་ཐད་ལ་གཙོ་གནད་དུ་དམིགས་ཏེ་གོམ་གང་མདུན་སྤོས་སྒོས་བྱ་བའི་ཇུས་གཞི་དང་མཁོ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ། དུས་མགོའི་བྱ་བའི་རྨང་གཞིའི་ཐོག་ཐོན་སྲིད་པའི་གནས་ཚུལ་སྣ་ཚོགས་ལ་བསམ་གཞིགས་གང་ལེགས་དང་དབྱེ་ཞིབ་ཆ་ཚང་། ཇུས་འགོད་ཞིབ་ཚགས་བཅས་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཁ་གཏད་གཅོག་ཐབས་བཏོན་ཏེ་འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་གོ་རིམ་ལྡན་ལ་ངོ་མཚར་ཕུན་སུམ་ཚོགས་པའི་ངང་སྤེལ་དགོས། གསུམ་ནས་མཚོ་བྱང་གི་དམིགས་བསལ་ཕུལ་བྱུང་ཞིང་ཕྱུགས་ཐོན་རྫས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་བཅས་དང་། ཁྱད་ཆོས་ལྡན་པའི་བཟའ་བཏུང་དང་གཟུགས་འདས་ཤུལ་བཞག་དྲིལ་སྒྲོག་དང་འོས་སྦྱོར། འཛད་སྤྱོད་ལ་སྐུལ་འདེད་གཏོང་པའི་བྱེད་སྒོ་གྲ་སྒྲིག་ཞིབ་ཚགས་བྱེད་དགོས། དྲ་ཐོག་དང་དྲ་ཕྱིའི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། ལྟད་མོ་བ་དང་ཡུལ་སྐོར་བར་སྟབས་བདེའི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་པ་དང་འགྲན་སྡུར་གྱི་ཉིན་རེའི་ལས་རིམ་དང་ཡུལ་སྐོར་ལམ་ཐིག ཁྱད་ལྡན་ཟས་མཆོག་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་ལྗོངས་ཁུལ་ཆེ་གྲས་སོ་སོས་ཡུལ་སྐོར་བར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་པ་དང་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲན་སྡུར་རིང་གི་བྱ་བ་སོ་སོ་བརྟན་ལ་བདེ་བླག་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། བཞི་ནས་དྲིལ་སྒྲོག་གི་སྟོབས་ཤུགས་ཕྱོགས་ཡོངས་ནས་སྤེལ་ཏེ་འགྲན་སྡུར་མ་བྱས་གོང་དང་འགྲན་སྡུར་བྱེད་པའི་སྐབས། འགྲན་སྡུར་རྗེས་ཀྱི་དྲིལ་སྒྲོག་བྱ་བ་དོན་འཁྱོལ་ཡག་པོ་བྱེད་པ་དང་སྨྱན་སྦྱོར་རིམ་པ་སོ་སོ་དྲིལ་སྒྲོག་དང་ཆ་འཕྲིན་སྤེལ་བར་ཞུགས་པར་འབྲེལ་མཐུད་དང་གདན་འདྲེན་ཧུར་ཐག་ཞུས་ཏེ། འགྲན་སྡུར་མ་བྱས་གོང་སྔོན་དཔག་ཚ་བའི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་པ། འགྲན་སྡུར་བྱེད་སྐབས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་འགྲན་སྡུར་གྱི་གནས་ཚུལ་བརྒྱུད་སྒྲོག་བྱེད་པ། འགྲན་སྡུར་གྱི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། ཆེད་དོན་བཅར་འདྲི་དྲིལ་སྒྲོག་བྱེད་པ། མཚོ་བྱང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་འོས་སྦྱོར་ཤུགས་ཆེན་བྱས་ཏེ། བརྙན་མིག་བརྒྱུད་ནས་མི་སྔར་ལས་མང་པོར་མཚོ་བྱང་རྒྱུས་ལོན་བྱེད་དུ་འཇུག་དགོས། ལྔ་ནས་བྱེད་སྒོ་སྤེལ་ཡུལ་གཙོ་བོ་དང་དེ་བཞིན་རྫོང་ཁོངས་ཀྱི་མཁར་ཁུལ་གཙོ་བོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་བསྣན་ནས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རྫོང་མཁར་མཐའ་འཁོར་གྱི་ཁོར་ཡུག་སྔོ་ལྗང་ཅན་དང་མཁར་གྲོང་གཙོ་བོའི་ཁྲོམ་གཞུང་འོད་སྣང་ཅན། རིག་གནས་ཐང་ཆེན་འཛུགས་སྐྲུན། རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་ཞིབ་བཤེར་བཟོ་བཅོས་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོ་བསྒྲུབས་ཏེ། མཁར་གྲོང་གཙང་ཞིང་མཛེས་པ་དང་དཔལ་ཡོན་སྒོ་འབྱེད། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་སྣང་བརྙན་བཟང་པོ་གང་ལེགས་མངོན་པར་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཞིང་ཧོས་དང་ཀརྨ་ཚེ་རིང་། ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། འཇུ་ལག་རྫོང་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号