ཤ་བོ་སྐྱབས་ཀྱིས་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བརྟག་ཞིབ་གནང་སྐབས། ཁྱད་ལྡན་རྟའི་ཐོན་ལས་ལ་བརྟེན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་གསར་པ་ཐོན་དགོས་པ་ནན་བཤད་གནང་།


ཟླ12པའི་ཚེས5ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་བསྐྱོད་ནས་རྟའི་ཐོན་ལས་འཕེལ་རྒྱས་དང་ནོར་གནག་བརྗོད་དོན་གྱི་སྤྱི་གླིང་གི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།


ཤ་བོ་སྐྱབས་ཀྱིས་དཔེ་སྟོན་གླིང་གི་རྟའི་རིགས་དང་ལོ་ཚད་སོགས་ཀྱི་ཁྱད་ཆོས་དང་། རྟའི་ཉིན་བཞིན་གསོ་ཚགས་དོ་དམ། རྟ་ཞོན་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། ནོར་གནག་བརྗོད་དོན་གྱི་སྤྱི་གླིང་གི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་གྱི་འཕེལ་རིམ་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་བསྟན་དོན། རྟའི་ཐོན་ལས་ཇེ་རྒྱས་ཇེ་སྟོབས་སུ་གཏོང་བ་ནི་མཚོ་བྱང་ཁུལ་གྱི་དམིགས་བསལ་ཐོན་ཁུངས་ལ་གཞི་ཚུགས་པ་དང་། རོང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་དམ་འཛིན་གྱི་བྱ་གཞི་གལ་ཆེན་ཞིག་ཡིན། མཚོ་བྱང་གི་རྟའི་ཐོན་ལས་འཕེལ་རྒྱས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྨང་གཞི་བརྟན་པོ་ཡོད་ལ། མཚོ་བྱང་ནས་ཐོན་པའི“མཚོ་སྔོན་གྱོ་རྒྱ”ནི་ཁྱད་དུ་འཕགས་པའི་རྒྱུགས་ཡུན་དང་འདུལ་བདེ་བའི་ཁྱད་ཆོས་ཀྱི་དབང་གིས་རྒྱ་ཆེའི་མང་ཚོགས་ཀྱིས་ཧ་ཅང་དགའ་བསུ་ཐོབ་ཀྱིན་ཡོད། 2018ལོར་འཇུ་ལག་རྟ་དེ《ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་བརྩམས་ཆོས་ཁག་ལྔ་པའི་མིང་གཞུང》ནང་བཅུག་པ་དང་། རྟའི་རིག་གནས་དེ་མཚོ་བྱང་གི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཟེར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཁྱོན་ཡོངས་ནས་གཏོད་པའི་བརྒྱུད་རིམ་ནང་རྟའི་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་རྟའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་མཚོ་བྱང་གིས་ཞིང་ཕྱུགས་ཁྱད་ལྡན་ཆས་རྟགས་གཏོད་རྒྱུ་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དོན་དངོས་ལ་གཞི་ཚུགས་ཏེ་རྟའི་ཐོན་ལས་ཀྱིས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགན་འཁྲི་འཁུར་ཐུབ་པར་བྱེད་དགོས་ཏེ། གཅིག་ནས་རྐང་བགྲོད་དང་རྟ་རྒྱུག མདའ་འཕེན། ལྕགས་རྟ་བཅས“འགྲན་བསྡུར་ཆེན་པོ་བཞིར”གཞོགས་འདེགས་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ“གནམ་ལོ་གསར་པ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ལ་བརྟེན་ནས་མཚོ་བྱང་གི་རྟའི་རིག་གནས་ཆས་རྟགས་རྒྱུན་མཐུད་ངང་གཏོད་པ་དང་། མཚོ་བྱང་གི་རྟའི་ཐོན་ལས་ཀྱི་སྙན་པ་མཐོ་རུ་བཏང་སྟེ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་མཚོ་བྱང་ལ་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ནས་མཚོ་བྱང་གི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། གཉིས་ནས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ“རྟ་གཅིག་མང་སྤྱོད”ཀྱི་བསམ་ཕྱོགས་གཞིར་བཟུང་ཁུལ་ཞིང་ཕྱུགས་སྡེ་ཁག་གིས་རྟ་ཡི་རྒྱུན་གཏན་གྱི་གསོ་ཚགས་དོ་དམ་དང་། རྟ་བཞོན་སྦྱོང་བརྡར། རྟ་རྩལ་སོགས་བྱེད་སྒོའི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བྱ་བ་ཡག་པོ་སྒྲུབ་དགོས། ཁུལ་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཆེད་མངགས་མི་སྣ་བདམས་ནས་རྟ་རྩལ་རུ་ཁག་བཙུགས་ཏེ་མི་སྣ་དང་རྟའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྦྱོང་བརྡར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། དུས་བཀག་ལྟར་སྦྱོང་བརྡར་བྱས་ཏེ་རྗེས་ཕྱོགས་ཀྱི་ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བར་རྟ་ཡི་གཟི་མདངས་བསྣན་ཏེ་མཚོ་བྱང་གི་སྙན་པ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས“རྟ”ཞེས་པའི་ཡི་གེ་འདིར་དམིགས་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྩམས་ཆོས་གསར་པ་ཡག་པོ་སྒྲུབ་སྟེ། རྟའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་འཇུ་ལག་རྟའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། རྒྱུད་བཟང་གསོ་སྤེལ་དང་རྒྱུད་བསྒྱུར། སྲུང་སྐྱོབ་བེད་སྤྱོད་བཅས་ལ་ཤུགས་བསྣན་ཏེ་རྟའི་ཐོན་ལས་སྐྱོན་བྲལ་དང་ཡུན་རིང་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས། བཞི་ནས་རྩྭ་ཐང་གི་རྟའི་རིག་གནས་ཀྱི་སྙིང་བོ་མུ་མཐུད་ངང་སྔོག་འདོན་གཏིང་ཟབ་བྱས་ཏེ་རྟ་དང་འབྲེལ་བ་ཡོད་པའི་ལུས་རྩལ་དང་རིག་གནས་ཡུལ་སྐོར། ཐོན་རྫས་གསར་སྤེལ་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་མི་རིགས་ལུས་རྩལ་འཕེལ་རྒྱས་གཏོང་བ་དང་། མི་རིགས་ལུས་རྩལ་དཔེ་སྟོན་ཁུལ་གྱི་ལས་གཞིའི་རེ་ཞུ་ཧུར་ཐག་བཅས་བྱས་ནས་རྟའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྙན་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྔ་ནས་ནོར་གནག་བརྗོད་དོན་གྱི་སྤྱི་གླིང་གི་འཛུགས་སྐྲུན་ལས་གཞི་བེད་སྤྱོད་ཡག་པོ་བྱས་ནས་ཡུལ་སྐོར་བའི་ཞབས་ཞུའི་ལྟེ་གནས་ཀྱི་སྒྱུར་བཀོད་ཇུས་གཞི་གང་མགྱོགས་ལེགས་འགྲུབ་བྱས་ཏེ་རྩྭ་ཐང་རིག་གནས་དང་ནོར་གནག་རིག་གནས། དམངས་སྲོལ་རིག་གནས། ཞིང་ཕྱུགས་སྐྱེ་ཁམས་ཉམས་ཞིབ་བཅས་ལ་དམིགས་ནས་བརྩམས་ཆོས་བཏོད་དེ། ལྟ་སྐོར་དང་བཟའ་བཏུང་། མྱོང་རོལ། ཚན་རིག་ཁྱབ་གདལ་སོགས་ནང་དོན་གཙོ་བོར་བྱས་པའི་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་ལས་རྣམ་གསར་པ་འཚོལ་ཞིབ་བྱེད་དགོས། ཏོ་ལ་ཞིང་ལས་མ་འཇོག་སྤྱི་གཉེར་ཁང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ་ཕྱུགས་ལས་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་གྲང་སྦྲེལ་གྲང་མཛོད་ལྟེ་གནས་བསྐྲུན་རྒྱུའི་འཆར་འགོད་གང་མགྱོགས་ལག་བསྟར་བྱས་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཀརྨ་ཚེ་རིང་། ཁུལ་ཞིང་ཕྱུགས་དང་། རིག་གནས་ཡུལ་སྐོར། སྤྱི་བདེ་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་བརྟག་ཞིབ་གནང་། 

གཡང་འབུམ་ཚེ་རིང་གིས་བསྒྱུར

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号