ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ11པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས54པ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་ཉན་ནས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཙུའུ་ཀྲང་ཞུའེ་ཅན་ཧྭ་གདན་ཞུས་ལྟར་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་།

ཚོགས་འདུའི་ཐོག ཟླ10པའི་ཚེས27ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་རང་ཁུལ་གྱི་སྐྱེ་ཁམས་དང་ཐོན་ལས། ས་ཁོངས་སོགས་ཀྱི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་བ། རླུང་གློག་དང་འོད་ཤུགས། མེ་གློག་དང་དེ་བཞིན་ཆུ་འཐེན་ནུས་གསོག་སོགས་ནུས་རྒྱུ་གཙང་མ་དང་གྲོན་ཆུང་ཁོར་སྲུང་གི་ཐོན་ལས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བཟོ་ལས་གླིང་ཁུལ་བཅུའི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“བོད་ལུག་ཁྲི་དང་ནོར་གནག་སྟོང་གི”རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་པ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་བཅས་བྱས་ཏེ་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་གལ་ཆེའི་དམ་འཛིན་བྱ་གཞི་ཞིག་ཏུ་བརྩིས་ནས“ཡོང་འབབ་གཉིས”ལ་དམ་པོར་དམིགས་པ་དང་བཤས་གཏོང་ཁ་གསབ་འདང་ངེས་སྤྱོད་རྒྱུ་སོགས་རིགས་སོ་སོའི་སྲིད་ཇུས་ཀྱི་ཁ་གསབ་སྤྲད་ནས་ཞིང་ཕྱུགས་ལས་ཀྱི་འཕར་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་ཚོགས་པའི་སློབ་སྦྱོང་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་སྐྱེད་རྒྱུར་དམིགས་ནས“སྦུས་འདྲེན་ཅན”དང“གནད་སྨིན་ཅན”གྱི་དྲིལ་སྒྲོག་སློབ་གསོའི“བཟོ་སྐྲུན་ཆེན་མོ་བཞི”གསར་གཏོད་ཐོག་ནས་སྤེལ་དགོས།  རིག་གནས་ཀྱི་བླ་སྲོག་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཟོ་སྐྲུན་ལག་བསྟར་ཤུགས་ཆེན་བྱེད་པ། མཚོ་བྱང་གི་གསར་བརྗེའི་རིག་གནས་དང་རྨ་ཆུའི་རིག་གནས། ཁུ་ནུ་རིག་གནས་སོགས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། ནུབ་མཚོ་ཅུན་དང་ཡུང་ཨན་གྲོང་ཁྱེར། འཇུ་ལག་གནའ་གྲོང་། མཁར་དམར་གནའ་གྲོང་སོགས་གནའ་གྲོང་གི་རྗེས་ཤུལ་དང་རིག་གནས་ཤུལ་བཞག་གང་ལེགས་སྤྱད་དེ་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྒྱུན་མཐུད་ངང་ཁྱབ་གདལ་གཏོང་བ། མི་རིགས་མཐུན་སྒྲིལ“བསྐྱོད་པ་བཅུ་གཉིས”ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ། རིགས་སོ་སོའི་མང་ཚོགས་ཀྱིས་མི་རིགས་སོ་སོའི་རིག་གནས་ལོ་རྒྱུས་ཕན་ཚུན་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་ལ་སྔར་བས་སྐྱེད་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན། 


ཚོགས་འདུའི་ཐོག ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། དངུལ་རྩར་བརྟེན་ནས་འཕེལ་རྒྱས་ཀྱི་འགན་འཁྲི་འཁུར་བ་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སོགས་ལ་དམིགས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ། དངུལ་རྩས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་ཐུབ་པར་བྱེད་དགོས། དངུལ་རྩའི་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རང་ཁུལ་གྱི་བསམ་འཆར་དང་དངོས་ཚན་དཔལ་འབྱོར་དངུལ་བུན་གྱི་སྐྱེད་གསབ་མ་དངུལ་དོ་དམ་བྱེད་ཐབས་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་ཁུལ་དང་དངུལ་ཁང་ཆེ་གྲས་ཁག ཞིང་ཆེན་ཡིད་རྟོན་འགན་བཅོལ་སྡེ་ཚོགས་སོགས་ཀྱི་འཐབ་ཇུས་གྲོས་མཐུན་ཁ་ཆད་ལག་བསྟར་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ནས་ས་ཁོངས་ཀྱི་དངུལ་རྩའི་དངོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས། དངུལ་རྩའི་བྱ་བའི་འཇོན་ཐང་ཆེ་རུ་གཏོང་བར་ཤུགས་རྒྱག་པ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་ཏང་སྲིད་ཀྱི་བློ་མཐུན་གཙོ་བོས་དངུལ་རྩ་སློབ་སྦྱོང་དང་དངུལ་རྩ་ཤེས་པ། དངུལ་རྩ་བཀོལ་སྤྱོད་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་དངུལ་རྩའི་བྱ་བ་དམ་འཛིན་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་རྒྱུར་དམིགས་ཏེ་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ་གཟེར་འདེབས་སྙིང་སྟོབས་ཀྱི་ཐོག་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་བཏོན་པའི་གཙོ་གནད་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། ཚད་གཞི་ནན་ཤོས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་སྔ་ཕྱི་བར་གསུམ་དུ་སྐྱེ་ཁམས་ཀྱི་མཐའ་ཚད་རྒྱུན་འཁྱོངས་ཀྱིས་མཚོ་བྱང་གི་ཁྱད་ཆོས་དང་ཁྱད་ལྡན་ཐོན་ཁུངས་རྨང་གཞིར་འཛིན་པ་དང་། ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་དམ་འཛིན་བྱེད་པ། ཕྱོགས་གཅིག་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་བྱེད་པ་བཅས་བྱས་ཏེ་ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་དེང་རབས་ཅན་གྱི་ཐོན་ལས་ཤིག་ཧུར་ཐག་ཆགས་པར་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཐུན་མོང་ཚོགས་པའི་སྟེང་གླེང་མོལ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཏང་གི་མགོ་ཁྲིད་དེ་བཟོ་ཚོགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་བྱེད་དགོས། སློབ་གསོ་དང་ཐེ་ཞུགས། སྲུང་སྐྱོབ། འཛུགས་སྐྲུན་བཅས་འགན་ནུས་བཞིར་དམིགས་ཏེ་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྦྲེལ་ཟམ་ཡག་པོ་བྱེད་པ། བརྩེ་སེམས་ལ་བརྟེན་ནས“འགག་རྩའི་དོན་ཆུང”ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། བུད་མེད་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱ་ཆེའི་བུད་མེད་སྒྲིག་འཛུགས་བྱས་ནས་འཚེམ་དྲུབ་དང་བོད་ལྭ་བཟོ་བ། རྡོ་བརྐོས། བཟོ་རྩལ་ཐོན་རྫས་ལས་སྣོན་སོགས་གསོ་སྦྱོང་དང་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ནང་ཧུར་ཐག་ཞུགས་ནས་བུད་མེད་ཁེ་ལས་མཁས་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་བུད་མེད་ཀྱིས“གནམ་གྱི་ཕྱེད་ཀའི”ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྲོལ་ཡིག》གིས་དུས་རབས་གསར་པའི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་ཡག་པོ་བསྒྲུབ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་དོན་དངོས་ཀྱི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་ཡོད་ལ། རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ)སློབ་གསོ་གསོ་སྦྱོང་བྱ་བ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གལ་ཆེན་དུ་བརྩི་བ་དང་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཅུག་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དོན་འཁྱོལ་བྱེད་ཐབས་བཟོ་བ་དང་འཐུས་ཚང་དུ་བཏང་ནས་ཁུལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་རྩ་འཛུགས་ཀྱི་དགོས་མཁོ་དང་ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་ལ་དམིགས་ཏེ་རྣམ་པ་མང་བ་དང་རིམ་པ་དབྱེ་བ། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་མ་ལག་བཙུགས་ནས་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ། རྒྱལ་སྲུང་སློབ་གསོ་དང་ཕུགས་བསམ་དད་སེམས་སློབ་གསོ། ཏང་གཤིས་སློབ་གསོ་སོགས་ཏན་ཏིག་ངང་སྤེལ་ནས་བློ་དཀར་གཞུང་དྲང་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས། ཏང་གི་སློབ་གྲྭ་སོ་སོས་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་དང་སློབ་མ་དོ་དམ་བྱེད་པར་མུ་མཐུད་ཤུགས་སྣོན་པ། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་དམིགས་བྱའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བར་ཤུགས་སྣོན་པ། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱེད་དགོས་པར་བསྟན།

ཚོགས་འདུའི་ཐོག ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་གྱིས་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཉམས་ལེན་ལ་དམིགས་ནས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་གླེང་། 

ཚོགས་འདུའི་ཐོག ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དོན་གནད་སྒྲུབ་ཚུལ་སོགས་ཀྱི་སྙན་ཞུར་གསན་པ་དང་།《སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་དོན་གནད་ལ་གྲོས་ཞིབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号