“ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད·མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་བགྲོད་བྱེད་པའི”2023ལོའི་མདོ་ལའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་སྤེལ་པ།

སྟོན་དུས་ཀྱི་མདོ་ལ་ནི་གསེར་མདོག་གིས་བརྒྱན་པའི་རྣང་ཞིང་དང་འདྲ་ལ། ཨ་མྱེས་སྟོང་སོ་ནི་རི་མོ་མཁན་གྱིས་པིར་རྩེ་ལས་འཁྲུངས་པའི་ལྷ་ཡུལ་ཁམས་དང་གཉིས་སུ་མ་མཆིས། 

ཟླ10པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་ཨུ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མདོ་ལ་རྫོང་ཨུ་དང་། མདོ་ལ་རྫོང་མི་དམངས་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།  མཚོ་སྔོན་ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་བཅས་ཀྱིས་འགན་སྒྲུབ་གནང་བའི“ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད·མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་བགྲོད་བྱེད་པའི”2023ལོའི་མདོ་ལའི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་བསྡུར་མདོ་ལ་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་། ཞིང་ཆེན་ལུས་རྩལ་ཅུས་དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཀན་སུའུ་ཞིང་ཆེན་མིང་ལེ་རྫོང་། གཏེར་ལྔ་ཚྭ་མཚོ། མཚོ་སྔོན་ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་རོལ་ལུས་རྩལ་དོ་དམ་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས་པ་དང་། ཤ་བོ་སྐྱབས་ཀྱིས་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།       

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་སྐྱེ་ཁམས་ཀྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་དེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་དུས་ཚོད་ཆ་ཚང་དང་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་རྫོང་གཏོད་པ་དང་བདེ་ཐང་མདོ་ལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས“ལྷ་ཡུལ་མདོ་ལའི”སྐད་གྲགས་ཆོད་ཚད་དང་ངོས་འཛིན་ཐུབ་ཚད། སྙན་པ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཐེངས་འདིའི་རྐང་བགྲོད་འགྲན་བསྡུར་སྤེལ་བའི་དམིགས་ཡུལ་ནི་རྐང་བགྲོད་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་དེ“མདོ་ལ་རི་ཡིས་ཕྱུག་པའི”ངོ་མཚར་ཆེ་བའི་མཛེས་ལྗོངས་ལ་མྱོང་རོལ་བྱས་ནས། ཐུན་མོང་ཐོག་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པ་དང་། ཐུན་མོང་ཐོག་མདོ་ལའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལེའུ་གསར་པའི་ཁྲོད་ཞུགས་པ་དང་བདེན་དཔང་བྱེད་པ་དེ་ཡིན།

མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧི་པིན་གྱིས་ཤིས་ཚིག་ཕུལ་སྐབས། མདོ་ལ་རི་བོ་ནི་མཚོ་བོད་ས་མཐོའི་བྱང་ཤར་མཚམས་སུ་གནས་པ་དང་ཚ་ཁུལ་དང་གྲང་ཁུལ་གྱི་འབྲེལ་མཚམས་དང་། སྟོབས་འབྱོར་ལྡན་ཞིང་ངོ་མཚར་ཆེ་བའི་བྱང་གི་འཕྲེད་ཐིག་ཏུའུ39ཡི་མཚམས་སུ་གནས་ཡོད་ལ། དེ་ནི་མརྒད་ཞིག་དང་འདྲ་བར་མེས་རྒྱལ་གྱི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་། ལོ་ངོ་དུང་ཕྱུར་མང་པོའི་ས་གཤིས་འགྱུར་ལྡོག་ལས་མདོ་ལའི་སྔོ་ལྗང་གི་རི་ཀླུང་བསྐྲུན་པ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིག་གནས་རྒྱུན་འཛིན་བྱས་ཡོད་ལ། གཏིང་ཟབ་ཅིང་རྒྱ་ཆེ་བའི་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བསྣན་ཡོད། གོམ་སྟབས་རྗེས་མར། མདོ་ལ་རྫོང་གིས་སྔ་རྗེས་སུ་རྐང་བགྲོད་རྩེར་སོན་ལམ་ཐིག་བཏོད་དེ“རྐང་བགྲོད+སྐྱེ་ཁམས་ཚན་ཞིབ་ཟུང་འབྲེལ”དང“རྐང་བགྲོད+གསར་བརྗེའི་ཉམས་ཞིབ་ཟུང་འབྲེལ” “རྐང་བགྲོད+སྐར་གཟིགས་སྒར་འདེབས” “རྐང་བགྲོད+མཐོ་སྒང་ལྗོངས་དངོས”བྱེད་སྒོ་སོགས་སྤེལ་ནས“མདོ་ལ་རི་བོའི་རྐང་བགྲོད་འགྲན་བསྡུར”དེ“མདོ་ལ་རི་ཡིས་ཕྱུག་པའི”ཆས་རྟགས་བཏོད་དེ་མཉམ་དུ་ཉིན་བཞིན་སྣེ་མང་ཅན་གྱི་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་དགོས་མཁོ་སྔར་བས་བསྐངས་ནས་མདོ་ལར་ནུབ་བྱང་ཆེན་མོའི་ཡུལ་སྐོར་བྱ་ཡུལ་དང་། བར་བརྒྱུད་ས་ཚིགས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཅས་བསྐྲུན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་གསོག་འཇོག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྟན།

ཉིན་དེའི་འགྲན་བསྡུར་ཁྲོད་འགྲན་ཞུགས་པས“མཛའ་བརྩེ་དང་པོ་དང་འགྲན་བསྡུར་གཉིས་པའི”རྩ་དོན་ལ་གཞིགས་ནས་འགྲན་བསྡུར་བྱས་པ་དང་འགྲན་བསྡུར་དེ་འགྲན་བསྡུར་ཚོ་ཆུང་དང་ཉམས་ལེན་ཚོ་ཆུང་། གདན་ཞུའི་ཚོ་ཆུང་བཅས་སུ་དབྱེ་ཡོད། འགྲན་བསྡུར་ཚོ་ཆུང་གི་ལམ་ཐག་ལ་སྤྱི་ལེ29ཡོད་པ་དང་། ཨ་མྱེས་སྟོང་སོ་སྣེ་ལེན་ལྟེ་གནས་ནས་མགོ་བརྩམས་ཏེ(མཚོ་ངོས་ལས་མཐོ་ཚད་སྨི2750ཟིན་པ)ཁྲི་སྐུ་བྲག་གཟར(མཚོ་ངོས་ལས་མཐོ་ཚད་སྨི3500ཟིན་པ)བརྒྱུད་ནས་ཨ་མྱེས་སྟོང་སོ་ལྗོངས་ཁུལ་གྱི་ཤར་སྒོ་ནས་ཕྱིར་འཁོར་ཏེ(མཚོ་ངོས་ལས་མཐོ་ཚད་སྨི3300ཟིན་པ)ཨ་མྱེས་སྟོང་སོ་ལྗོངས་ཁུལ་གྱི་སྣེ་ལེན་ལྟེ་གནས་སུ་ལོག་པ།  ཉམས་ལེན་ཚོ་ཆུང་དང་གདན་ཞུས་ཚོ་ཆུང་གི་ལམ་ཐག་ཧྲིལ་པོར་སྤྱི་ལེ9ཡོད་པ་དང་ཨ་མྱེས་སྟོང་སོ་སྣེ་ལེན་ལྟེ་གནས་ནས་མགོ་བརྩམས་ཏེ(མཚོ་ངོས་ལས་མཐོ་ཚད་སྨི2750ཟིན་པ)མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་ས་ཚིགས་བརྒྱུད་དེ་ཁྲི་སྐུ་བྲག་གཟར་རླངས་འཁོར་འཇོག་སའི་བར(མཚོ་ངོས་ལས་མཐོ་ཚད་སྨི3100ཟིན་པ)ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མདོ་ལ་རྫོང་གི་རྐང་བགྲོད་བྱེད་སྒོ་ལ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས14ནས་ཡོང་བའི་འགྲན་ཞུགས་པ་དང་། རང་ས་གནས་ཀྱི་འགྲན་ཞུགས་པ་སོགས་འགྲན་ཞུགས་པ604འགྲན་བསྡུར་ལ་ཞུགས་ཡོད་པ་དང་། དེའི་ཁྲོད་རྒྱལ་ནང་གི་ཕུལ་བྱུང་མི་སྣ6དང་། 2020ལོའི་ཐའེ་ཡོན་རྒྱལ་སྤྱིའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་མཚོ་སྔོན་གྱི་འགྲན་ཞུགས་པ་དབྱང་ཁྲིན་ཞང་དང་། ཧུའུ་ཐེའོ་འགག་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་གྱི་སྤྱི་ལེ50ཡི་ཚོ་ཆུང་དང་། ཡུས་ལུང་གངས་རིའི་རྩེར་སོན་བྱེས་བགྲོད་འགྲན་བསྡུར་གྱི་སྤྱི་ལེ30ཡི་ཚོ་ཆུང་སོགས་རྒྱལ་ནང་གི་འགྲན་བསྡུར་གང་མང་ལ་ཞུགས་པའི་ཧུའུ་པེ་ཨེན་ཧྲིའི་བུ་མོ་ཞུང་པིན་པིན། མ་ལ་སུང་རྒྱང་རྒྱུག་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་དང་། 2023ལོའི་མཚོ་སྔོན་འབའ་རྫོང་གི“རྫོང་རུ་རྟགས་མའི”མཐོ་སྒང་བྱེས་བགྲོད་འགྲན་བསྡུར་གྱི་སྤྱི་ལེ30ཡི་ཨང་དང་པོ་ཐོབ་མཁན་གོ་ཡུང་ཉིང་། མ་ལ་སུང་རྒྱང་རྒྱུག་གི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་དང་སྤྱི་ཚོགས་ལུས་རྩལ་མཛུབ་ཁྲིད་པ། ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱི་ཕྱི་རོལ་མཛུབ་ཁྲིད་པ། 2023ལོའི་ཀོང་ཀྲོའུ་ཡུན་ཧྥུའུ་ཅིན་ཧྲན་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་མཁན་ཧོ་ཧྥུའུ་ཅུན་སོགས་རྒྱལ་ནང་གི་མིང་གྲགས་ཅན་གྱི་འགྲན་ཞུགས་པ་མང་པོ་ཞིག་གིས་སྐབས་འདིའི་རྐང་བགྲོད་འགྲན་བསྡུར་ནང་སྟོབས་ཤུགས་དངོས་ལ་བརྟེན་ཏེ་འགྲན་ཞུགས་པ་གཞན་དག་ལས་རྣམ་པར་རྒྱལ་ནས་ལྟད་མོ་བ་ཚོའི་ཡིད་དབང་བཀུག་ཡོད། དེ་དང་ཆབས་ཅིག ཨ་མྱེས་སྟོང་སོ་ལྗོངས་ཁུལ་གྱི་སྒོ་འགྲམ་དུ་ཚོང་འདུས་ཀྱི་ས་ཁོངས་བཙུགས་ནས་རིག་གནས་གསར་གཏོད་དང་ལག་ཤེས་བཟོ་རྩལ། མི་རིགས་ཀྱི་བཟོ་རྩལ་སོགས་ཁྱད་ཆོས་ལྡན་པའི་ཚོང་པ་མང་བོ་བྱ་འགུལ་ལ་ཞུགས།

མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། སྤྲོ་སེམས་འཁོལ་བའི་མི་རིགས་ཀྱི་གླུ་གར་ཁྲོད་ནས་བྱེད་སྒོ་མགོ་བརྩམས་ཤིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་སྙན་འཇེབས་གླུ་གཞས་ལས་མདོ་ལ་མི་དམངས་མགྲོན་པོར་དགའ་བ་དང་དེ་བཞིན་ཐེངས་འདིའི་བྱེད་སྒོའི་སྐུ་མགྲོན་དང་ཕྱི་རོལ་གྱི་ལུས་རྩལ་པར་དགའ་བསུ་ཞུས་པ་རེད།

མགོ་རྩོམ་མཛད་སྒོའི་རྗེས་སུ།  འགྲན་ཞུགས་རུ་མི་ཡོངས་ཀྱིས་གྲ་སྒྲིག་བྱས་ཏེ་བརྗིད་ཉམས་ལྡན་པའི་ངང་འགྲན་བསྡུར་མགོ་བརྩམས་པའི་དུང་སྒྲའི་ཁྲོད་ནུས་ཤུགས་ཡོད་རྒུས་དམིགས་ཡུལ་གྱི་ཕྱོགས་སུ་མདུན་སྐྱོད་བྱས།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་ལེན་ལྟེ་གནས་དང་།  ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་མིང་ལེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། ཀན་ཀྲོའུ་ཆུས་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་དང་། དེ་བཞིན་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།  ཀྲུང་གོའི་གཏེར་ལྔ་སྡེ་ཚོགས།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྐང་བགྲོད་ལུས་རྩལ་ལ་དགའ་མཁན་བཅས་རྐང་བགྲོད་བྱེད་སྒོར་ཞུགས།


མི་དམངས་དྲ་བ་དང་། ཤིན་ཧྭ་དྲ་བ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀྲུང་གོའི་གསར་འགྱུར་ཁང་སོགས་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་།  ནུབ་ཚོ་ཚོང་ཁྲོམ་ཚགས་པར། ཟི་ལིང་དགོང་དྲོའི་ཚགས་པར་ཁང་། མདོ་ལ་ཚགས་པར་ཁང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་སྦྲེལ་དྲ།  ཞིན་ལང་པོད་འཕྲིན།  ཝང་དབྱི་གསར་འགྱུར། མདོ་ལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས17གྱི་གསར་འགོད་པ25རྐང་བགྲོད་འགྲན་བསྡུར་ལ་ཞུགས། 


ཛ་དྲག་གི་འགྲན་བསྡུར་བརྒྱུད་ཀྲའོ་གོ་ཚུན་དང་དབྱང་ཁྲིན་ཞང་། ལི་ཅི་ཐའོ་བཅས་ལ་སོ་སོར་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ།  ཞུང་པིན་པིན་དང་གཡང་ཕྱུག་ལྷ་མོ།  ཆོས་བཟང་སྒྲོལ་མ་བཅས་ལ་སོ་སོར་སྐྱེས་མའི་ཚན་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། ཝང་དབྱིང་ལི་དང་ཧན་ཆང་། དཀོན་མཆོག་ལྷ་དཀར་བཅས་ལ་སོ་སོར་མང་ཚོགས་ཀྱི་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། ཏིང་ཅིང་དང་ཀླུ་ཆོས་བཟང་།  ཚེ་རིང་མཚོ་བཅས་ལ་སོ་སོར་མང་ཚོགས་ཀྱི་སྐྱེས་མའི་ཚན་ཆུང་གི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ། བྱ་དགའ་གནང་པའི་མཛད་སྒོའི་སྟེང་གཙོ་སྒྲུབ་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གཟི་བརྗིད་དཔང་ཡིག་དང་བྱ་དགའི་དངུལ་སྤྲད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号