ཙོང་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་འགོག་མཉམ་སྡོམ་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་མཚོ་བྱང་ཁུལ་དུ་སྤེལ།
ཟླ8པའི་ཚེས24ཉིན་གྱི་སྔ་དྲོར། ཙོང་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་འགོག་མཉམ་སྡོམ་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་མཚོ་བྱང་ཁུལ་གྱི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྤེལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཛད་སྒོར་ཕེབས་ནས་ཤིས་ཚིག་ཕུལ་ལ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཛད་སྒོར་གཙོ་སྐྱོང་གནང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་གྲོང་གཙོ་གཞོན་པ་ཧན་ཞིན་པིན་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུའམ་གྲོང་གཙོ་གཞོན་པ་ཀྲང་ཀྲུང་ལེང་། མཚོ་ནུབ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀླུ་དོན་འགྲུབ། མཚོ་བྱང་ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ལི་ཞུས་ཀྲེན། ལི་ཞང་ཏུང་། མ་རུའུ་ཞང་།དབྱང་ཏེ་བཅས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་ལ་དོ་སྣང་དང་རོགས་རམ། རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཙོང་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་བོ་ཡིན་ལ་མཚོ་བྱང་ཁུལ་མདའ་བཞི་རྫོང་ཤྭ་ལུང་རི་བོའི་མགོ་ཁུངས་ནས་མཆེད་ཅིང་སྤྱིའི་རིང་ཚད་ལ་སྤྱི་ལེ371ཡོད་པ་དང་། འབབ་རྒྱུད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.29ཡོད་ལ་འོད་སྟོང་འཕྲོ་བའི་རྨ་ཙོང་རིག་གནས་རུམ་ཞིང་མཚོ་སྔོན་གྱི་མི་འབོར་སུམ་ཆའི་གཉིས་ཙམ་གསོ་སྐྱོང་བྱས་པས་མཚོ་སྔོན་མི་དམངས་ཀྱི“མ་ཡུམ་ཆུ་བོའི”མཚན་སྙན་ཐོབ་ཡོད། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། མཚོ་བྱང་ཁུལ་བཅས་ཀྱིས་ཙོང་ཆུའི་མགོ་ཁུངས་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་འགོག་མཉམ་སྡོམ་སྒྲོམ་གཞིའི་གྲོས་མཐུན་ལ་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ངེས་པ་དོན་གྱི་ལག་ལེན་ཞིག་ཡིན་ལ། ཙོང་ཆུའི་འབབ་རྒྱུད་སྲུང་སྐྱོབ་མནའ་འབྲེལ་དངོས་སུ་བཙུགས་པ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ས་ཁོངས་བརྒལ་ནས་མཉམ་འགོག་མཉམ་སྡོམ་བྱེད་པའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས་པ་ཡང་མཚོན།
ཤ་བོ་སྐྱབས་ཀྱིས་ཐེངས་འདིའི་གན་རྒྱ་བཞག་པ་དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབབ་རྒྱུད་ཀྱི་བཅོས་སྐྱོང་དོ་དམ་ལ་ཤུགས་སྣོན་པའི“གཅིག་གྱུར་བཞིའི”ཞིབ་ཕྲའི་ལག་ལེན་ཞིག་ཡིན་པས། ཚང་མས“མཉམ་འཛིན་སྤྱི་སྒྲུབ་དང་ཐུན་མོང་བཅོས་སྐྱོང་། ལེགས་ཆ་གསབ་རེས”བཅས་ཀྱི་རྩ་དོན་གཞིར་བཟུང་། སྒྲོམ་གཞིའི་གྲོས་མཐུན་ནང་དོན་དོན་འཁྱོལ་བྱས་ཏེ་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཐུན་མོང་ཐོག་ཡག་པོར་བསྒྲུབས་ནས་འབབ་རྒྱུད་སྤྱི་འདོམས་དང་ས་ཁོངས་མཐུན་སྦྱོར། སྡེ་ཁག་མཉམ་འགུལ་བཅས་ཀྱི་དོ་དམ་རྣམ་པ་ཕྱོགས་ཡོངས་ནས་བཏོད་དེ་དྭངས་གཙང་གི་ཆུ་བོ་ཤར་ཏུ་བཞུར་ཐུབ་པར་ཁག་ཐེག་བྱེད་པར་མ་ཟད། དེ་ནི་མགོ་རྩོམ་ས་གསར་པར་བྱས་ཏེ་ཙོང་ཆུའི་འབབ་རྒྱུད་ཀྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་ལ་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བརྟན་པོ་གཏོང་བའི་རེ་བ་ཡོད་པར་བསྟན།
ཀྲང་ཧྲིང་ཡོན་གྱིས་ཙོང་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ་བར་གྱི་མཉམ་འགོག་མཉམ་སྡོམ་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག་པ་དེ་ནི་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ལོ་རྒྱུས་ཐོག་གི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་པས། ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ནུས་པ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཆུའི་བདེ་འཇགས་དང་ཐོན་ཁུངས་ཀྱི་ནུས་པ་དོ་དམ་སོགས་ལ་ཡུན་རིང་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་ཡོད་ལ། ང་ཚོས་ཐེངས་འདིའི་གན་རྒྱ་བཞག་པ་དེ་མགོ་རྩོམ་ས་གསར་བ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་ལ་གཞི་ཚུགས་ཏེ་ཕྱོགས་བསྡུས་བཅོས་སྒྲིག་དང་མ་ལག་བཅོས་སྒྲིག འབྱུང་རྩ་བཅོས་སྒྲིག་བཅས་ལ་ཟམ་མི་ཆད་པར་ཤུགས་སྣོན་པ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་མཐོན་པོས་བེད་སྤྱོད་དང་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་ཆུ་དང་མཚོ་བཅོས་སྐྱོང་བྱེད་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་འགྱུར་བར་བྱེད་དགོས་པ་བསྟན།
གན་རྒྱ་འཇོག་པའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མི་སྣ་ཙོང་ཆུའི་མགོ་ཁུངས་ཤྭ་ལུང་དུ་ཤྭ་མགོ་རྟགས་ཅན་གྱི་རྡོ་རིང་གི་ཡོལ་རས་ཕྱེ་བའི་མཛད་སྒོར་ཞུགས། པོ་ཧུ་ཐུ་ཞེས་པ་ནི་སོག་སྐད་ཡིན་ཞིང་བོད་སྐད་དུ“ཤྭ་ལུང་ཐང”ཟེར་གྱིན་ཡོད། དེའི་དོན་ནི་ཤྭ་བ་འགྲོ་འོང་བྱེད་ས་དང་བོད་མིང་ལ“ཆུ་ཁོལ་ལུང་བ”ཡང་ཟེར་གྱིན་ཡོད། དེ་ནི་ཆུ་ཚན་ཡོད་པའི་ལུང་པའི་དོན་ཡིན། ཤྭ་མགོ་རྟགས་ཅན་གྱི་རྡོ་རིང་གི་ཇུས་འགོད་ལ་སྟེང་འོག་ཁག་གཉིས་སུ་ཕྱེ་ཡོད་པ་དང་སྤྱིའི་མཐོ་ཚད་ལ་སྨི7.5དང་། སྟོད་དུ་ཤྭ་བའི་རྭ་ཡི་ཚུགས་ཀ་བཞེངས་ཤིང་རྒྱུ་ཆ་ལྕགས་ཡིན་ལ། ཞེང་ཚད་ལ་སྨི7.7དང་མཐོ་ཚད་ལ་སྨི5.5བཅས་ཡོད། ཞབས་མཐིལ་ནི་བྲག་རྡོ་དང་ངར་ལྕགས། གཡང་ཊི་དཀར་པོ་སོགས་བརྩེགས་ཡོད། དེའི་རིང་ཚད་ལ་སྨི4དང་ཞེང་ཚད་ལ་སྨི4 མཐོ་ཚད་ལ་སྨི2བཅས་ཡོད། ཤྭ་རྭ་དང་ཆུ་ཐིགས་ཀྱི་བཟོ་དབྱིབས་བརྒྱུད་ཙོང་ཆུའི་འབབ་རྒྱུད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་སྐྱེ་དངོས་སྣ་ཚོགས་ཀྱི་ཁྱད་ཆོས་མངོན་པར་བྱས་པའི་ཐོག་ནས་ཙོང་ཆུའི་མགོ་ཁུངས་ཀྱི་གལ་ཆེའི་རང་བཞིན་མཚོན་གྱིན་ཡོད་ལ་རྡོ་རིང་དེ་བསྐྲུན་རྗེས་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ལྗོངས་ཁུལ་གསར་པ་ཞིག་བསྣན་ཡོད།
དེའི་རིང་ཚོགས་ཞུགས་མི་སྣ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། སྨོན་ལམ་མཐོན་པོའི་མཁའ་དམག་གནའ་ཤུལ་གྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞི། འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་དང221རྟེན་གཞིའི་གནའ་ཤུལ་ཡན་ལག་བཟོ་གྲྭ་དང་པོའི102ལྷུ་ལག་ལས་སྣོན་འཁོར་ཁང་དང་། 101མདེལ་རྩེའི་ལས་སྣོན་འཁོར་ཁང་། དཔེ་དབྱིབས་ཐིན། 105ཚན་རིག་ཞིབ་འཇུག་ཐོག་ཁང་ཆེན་མོ་བཅས་ལ་ཡུལ་དངོས་ནས་ལྟ་སྐོར་བྱས་པ་རེད།
ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ་ཞིང་ཕྱུགས་དང་སྡོད་ཁང་འཛུགས་སྐྲུན། ཆུ་བེད། སྐྱེ་ཁམས་ཁོར་ཡུག རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། མཚོ་བྱང་ཁུལ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注