རྐང་ཚ་རྫོང་གི་ངོ་སྤྲོད་མདོར་བསྡུས།

རྐང་ཚ་ཞེས་པ་མཚོ་སྔོན་པོའི་རྐང་ཚ་ཁོ་ནར་མི་འཇུག་པར། བོད་ཁམས་ཀྱི་ཡུལ་གྲུ་མང་པོར་མིང་དེ་ལྟར་ཐོགས་པའི་ཚོ་སྡེ་དང་རུས་རྒྱུད་དུ་མ་ཞིག་ཡོད་པ་ཀུན་གྱི་སྤྱི་མིང་ཡིན། འདིར་མཚོ་སྔོན་པོའི་རྐང་ཚ་གཙོ་བོར་བྱས་ཏེ་གླེང་བ་ལ། རུས་རྒྱུད་དེ་དག་གི་རྩ་བའི་མི་རྒྱུད་ནི་བོད་མིའུ་གདུང་དྲུག་ལས་ལྡོང་གི་རྒྱུད་ལ་གཏོགས་ཤིང་ཚ་ཆེན་བཅོ་བརྒྱད་ཀྱི་གྲས་ཤིག་ཀྱང་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྐང་ཚའི་རུས་རྒྱུད་དེ་ཡུལ་ཕྱོགས་དུ་མར་གྱེས་ཡོད་ཅིང་། དེང་དུས་རྐང་ཚའང་མི་ཟེར་བར་གཞན་སྡེར་གྱུར་ཟིན་པའང་ཡོད། དེའི་གྲས་ཀྱི་གཅིག་ནི་མཚོ་སྔོན་པོའི་བྱང་ཕྱོགས་སུ་གནས་ཆགས་པ་ལ་རིམ་གྱིས་མཚོ་སྔོན་པོའི་རྐང་ཚ་ཞེས་ཐོགས་པ་ཡིན།  རུས་རྒྱུད་དེ་དུས་ནམ་ཞིག་ནས་ཕྱོགས་སོར་འཐོར་བ་དང་དེའི་རྒྱུ་རྐྱེན། ཡང་ན་ཁོང་ཚོའི་ཐོག་མའི་གནས་ཡུལ་བཅས་ཀྱི་ཐད་ད་ལྟའི་བར་སུས་ཀྱང་སྡོམ་ཚིག་གསལ་བོ་ཞིག་གནང་མེད། བྱེ་བྲག་མཚོ་སྔོན་པོའི་ཉིན་ཕྱོགས་ལ་གྱེས་པའི་ཐད་དུའང་ལྟ་ཚུལ་མི་འདྲ་བ་མང་པོ་གནས་ཡོད། 

འབྲེལ་ཡོད་ཀྱི་ཡིག་ཆ་ཐམས་ཅད་གཅིག་མཐུན་གྱིས་རྐང་ཚ་ཞེས་པའི་ཐ་སྙད་ཀྱི་ཁུངས་ནི་བོད་མིའུ་གདུང་དྲུག་ལས་ལྡོང་གི་རུས་ཚན་ཞིག་ལས་གྱེས་པར་ཁུངས་གཏུགས་ཡོད། དེ་ལྟར་ཁུངས་གཏུགས་ཡུལ་གྱི་དཔྱད་གཞིའི་ཡིག་ཆ་གཙོ་བོ་ནིམདོ་སྨད་ཆོས་འབྱུངདང་དམུ་དགེ་བསམ་གཏན་གྱིས་བརྩམས་པའིབོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོངཞེས་པ་སོགས་ཡིན། ཡིག་ཆ་དེ་གཉིས་ལས་ལྡོང་ནི་བོད་མིའུ་གདུང་དྲུག་གི་གྲས་གཅིག་ཡིན་པ་དང་དེ་ལས་གྱེས་པ་ལ་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་རིགས་མི་འདྲ་བ་དུ་མ་ཡོད་པ་ལས། རྐང་ཚ་ཞེས་པ་ནི་ཚ་ཆེན་བཅོ་བརྒྱད་ཀྱི་གྲས་གཅིག་ཡིན་པར་གསུངས་ཡོད། དེའི་ཚུལམདོ་སྨད་ཆོས་འབྱུངལས། ཏོག་ཚ། རྨོག་ཚ། འགོ་ཚ། སྦུ་ཚ། རྐང་ཚ་སོགས་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ་ཡང་ལྡོང་ཡིན་ནོ། །ཞེས་གསུངས་པ་དང་། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོངལས། མདོ་ཁམས་ལྡོང་ཤུལ་ཆེན་བཅོ་བརྒྱད་དུ་གྲགས་པ། དཔལ་ཤུལ། རག་ཤུལ། ཕྱག་ཤུལ། ཧོར་ཤུལ། གཉན་ཤུལ། ཐལ་ཤུལ། ནག་ཤུལ། དམག་ཤུལ། ཡོན་ཤུལ། སྣ་ཤུལ། རོང་ཤུལ། ཀ་ཤུལ། རྒྱ་ཤུལ། རྒྱོ་ཤུལ། མཁར་ཤུལ། ཡག་ཤུལ། སྔོ་ཤུལ། དྲག་ཤུལ་རྣམས་དང་། ལྡོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ། ཏོག་ཚ། རྨོག་ཚ། འགོ་ཚ། ཕྱག་ཚ། ཁྲོམ་ཚ། དམུ་ཚ། རྐང་ཚ། ཟམ་ཚ། འཚམ་ཚ། རག་ཚ། ཧུར་ཚ། སྟག་ཚ། གཟི་ཚ། སྦུ་ཚ། སྨྱུག་ཚ། གཡི་ཚ། མཚུར་ཚ། རྐྱང་ཚའམ་ཚང་ཚ་རྣམས་ཡོད་ཅེས་བཀོད་འདུག

ཡིག་ཆ་དེ་གཉིས་ཀྱི་གང་ལ་མཚོན་ནའང་། གྲངས་འདྲེན་དེའི་ལུང་ཁུངས་ཀྱི་དཔྱད་གཞིའི་རྒྱུ་ཆ་གསལ་བོ་ཞིག་སུས་ཀྱང་ངོ་སྤྲོད་གནང་མེད། ཡིན་ནའང་། མདོ་སྨད་ཆོས་འབྱུངལས་ཚ་ཆེན་བཅོ་བརྒྱད་དུ་གྲགས་པ་ལྡོང་ཡིན་ནོ། །ཞེས་བཀོད་པས་ཚིག་ཟུར་ལས་དེ་ནི་མཁས་པ་ཁོང་གི་རང་ཉིད་ཀྱི་ལྟ་བ་མ་ཡིན་པར་གཞན་ལ་ཁུངས་བཅོལ་ཡོད་པ་ཤེས་ཐུབ། དམུ་དགེ་བསམ་གཏན་མཆོག་གིས་ཤུལ་ཆེན་དང་ཚ་ཆེན་བཅོ་བརྒྱད་རེ་རེ་ནས་དྲངས་ཡོད་པས། དེར་བལྟས་ན་ཁོང་གིས་ཡིག་ཆ་གཞན་ཞིག་ལ་ཁུངས་བཅོལ་ཡོད་པ་ཤེས་ཐུབ། ཁོང་གིས་ཡིག་ཆ་གང་ཞིག་གཞིར་བཟུང་བ་ཡིན་མིན་ཐག་གཅོད་དཀའ་མོད། དེའི་ཐདརྨ་ཁོག་པོ་ཏིའི་མདོཞེས་པའི་དཔེ་མིང་ཞིག་འཁོད་ཡོད་མོད་ད་ཕན་ལག་སོན་མ་བྱུང་། གསར་དུ་ཐོན་པའི་ཚོ་སྡེ་སོ་སོའི་རུས་རྒྱུད་དང་འབྲེལ་བའི་ཡིག་ཆ་འགའ་རེ་ན་གཟི་ཚ་དང་གཡི་ཚ་གཉིས་གཅིག་ཚུལ་འཁོད་ཡོད་པར་མ་ཟད། རྐང་ཚ་དང་རྐྱང་ཚ་ཞེས་པའང་བརྡས་དབང་གིས་འགྱུར་བ་ཙམ་ལས་ཁུངས་གཅིག་པར་གསུངས་ཡོད། མདོ་སྨད་ཆོས་འབྱུངདང་བསྡུར་ཏེ་གླེང་ན། ཏོག་ཚ། རྨོག་ཚ། འགོ་ཚ། སྦུ་ཚ། རྐང་ཚ་རྣམས་ལྡོང་གི་ཚ་ཆེན་བཅོ་བརྒྱད་དུ་དྲངས་པ་གཞི་མཐུན་ཡིན། དེར་བལྟས་ཏེམཚོ་སྔོན་པོའི་རྐང་ཚའི་ལོ་རྒྱུསལས་རྐང་ཚ་ནི་བོད་ཀྱི་ལྡོང་གི་རུས་རྒྱུད་འཁྲུལ་མེད་རེད ཅེས་གསུངས་ཡོད། 

ཉེ་རབས་ཀྱི་ཆ་འདིར་མཚོ་སྔོན་པོའི་མཐའ་འཁོར་གྱི་ཚོ་བ་ཁག་དང་དེའི་རིག་གནས་ཡུལ་སྲོལ་བྲིས་པའི་བརྩམས་ཆོས་མི་ཉུང་བ་ཞིག་མཐོང་དུ་ཡོད། ཡིག་ཆ་དེ་དག་སྤྱིའི་ཆ་ནས་བོད་ཡིག་གི་ཡིག་ཆ་དང་ངག་རྒྱུན། ཡུལ་དངོས་རྟོག་ཞིབ་གཞིར་བཟུང་སྟེ་བྲིས་པ་ཡིན་ལ། ལྷག་པར་ཏུ་རྐང་ཚའི་སྐོར་གྱི་རིག་གནས་དཔྱད་གཞིའི་རྒྱུ་ཆ་ནི་བོད་ཡིག་གི་རྒྱུ་ཆ་ཡིན་པས་བོད་ཀྱི་ཡིག་ཚང་ལས་འཁོད་པ་དང་མི་མཐུན་པ་ཆེར་མི་སྣང་མོད། ཁྲི་ཤོར་རྒྱལ་མོའི་དྲན་འཛིནཞེས་པའི་རྒྱ་ཡིག་གི་བརྩམས་ཆོས་ནང་དུ། གནའ་སྔ་མོ་ཞིག་ལ། བོད་པ་ཚོར་གོམས་སྲོལ་ཁྱད་པར་བ་ཞིག་ཡོད་ལ། དེ་ནི་ཕྲུག་གུ་བཙས་མ་ཐག་ཏུ་ངེས་པར་ཁ་ནང་དུ་མར་ཏོག་ཙམ་བཞག་ནས་རྟེན་འབྲེལ་ཞུ་བའི་སྲོལ་ཞིག་ཡོད། རྐང་ཚའི་རུས་རྒྱུད་ཀྱི་མེས་པོ་ཐོག་མ་སྐུ་བལྟམས་དུས། ཁོང་གི་ཕ་མ་གཉིས་ཀྱི་ཁྱིམ་དབུལ་བོར་ཆགས་ནས་རི་དྭགས་རྔོན་ཏེ་འཚོ་བ་རོལ་བཞིན་ཡོད། ནམ་ཞིག་བུ་ཕྲུག་སྐྱེས་ཀྱང་ཁྱིམ་ནང་དུ་མར་ཏིལ་ཙམ་ཡང་མེད་སྟབས། གོམས་སྲོལ་ལྟར་རུས་པའི་རྐང་མར་བཏོན་ཏེ་མར་གྱི་ཚབ་ཏུ་བུའི་ཁ་ནང་དུ་བཞག་ནས་རྟེན་འབྲེལ་ཞུས། རུས་པའི་ནང་གི་སྣུམ་ཞག་ལ་བོད་སྐད་དུ་རྐང་ཟེར་ཞིང་། ཚ་ནི་ཚ་བོའི་དོན་ཡིན། མིང་དེ་གཉིས་སྡེབས་ཏེ་རྐང་ཚ་ཟེར། ཕྱིས་སུ་དེ་ཡི་བུ་རབས་ཚ་རྒྱུད་འཕེལ་ནས་བལྟོས་བཅས་ཀྱིས་དུམ་ཁྱིམ་སྟོང་ཕྲག་ལྷག་གི་ཚོ་བ་ཞིག་ཏུ་གྱུར་ནས་ད་ལྟའི་རྐང་ཚ་འདི་གྲུབ་པ་ཡིན་ཞེས་འཁོད་ཡོད།

རྐང་ཚ་སྤྱི་དང་དེ་ལས་མཚོ་སྔོན་པོའི་རྐང་ཚའི་ལོ་རྒྱུས་གླེང་བ་ལ1510དང1723ལོ་གཉིས་ནི་གལ་གནད་དུ་བརྩི་བའི་དུས་མཚམས་གཉིས་ཡིན།   འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་དུ1510ལོ་ཡས་མས་སུ་སྨད་སོག་ཡུམ་ཚེ་གཙོ་བྱས་པའི་སོག་པོའི་དཔུང་ཁག་དུ་མས་སྔ་རྗེས་སུ་མཚོ་སྔོན་པོའི་མཐའ་འཁོར་ལ་བཙན་འཛུལ་གྱིས་བདགདབང་རྒྱབ་སྟེ།  སྐབས་དེའི་མཚོའི་མཐའ་འཁོར་གྱི་བོད་སྡེ་མང་པོས་སོག་པོའི་སྟོབས་ཤུགས་ཀྱི་ངོ་ཡ་མ་འོངས་པར་རྨ་ཆུའི་ལྷོ་རྒྱུད་དུ་བྲོས་པ་ཡིན་ཞེས་འབྱུང་།   སྤྱིར་བཏང་གི་ལོ་རྒྱུས་བརྗོད་སྟངས་ལྟར་ན་སྐབས་དེར་མཚོ་སྔོན་པོའི་བྱང་རྒྱུད་དུ་བོང་སྟག་དང་རྐང་ཚ་སོགས་བོད་ཀྱི་འབྲོག་པའི་རུས་རྒྱུད་དུ་མ་ཞིག་གིས་ས་བཟུང་ཡོད་པར་སྨྲ་ནའང་། ཡིག་ཚང་དུ་སྐབས་དེའི་བོད་ཀྱི་ཚོ་བ་དག་བྱེ་བྲག་གིས་གང་དག་ཡིན་མིན་གསལ་བོར་སྨྲས་མེད་པར་མ་ཟད། རྐང་ཚ་དང་བོང་སྟག་ཅེས་པའི་མིང་ཙམ་ཡང་བཀོད་མེད་པས། སྐབས་དེའི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་བོད་ཀྱི་ཚོ་བ་དག་བོང་སྟག་དང་རྐང་ཚའི་རུས་རྒྱུད་དངོས་ཡིན་མིན་ཐེ་ཚོམ་གྱི་ཡུལ་དུ་གྱུར་ཡོད། རྒྱའི་ཡིག་ཚང་དུའང་སོག་པོ་ཡུམ་ཚེ་སོགས་ཀྱིས་ཐོག་མར་མཚོ་སྔོན་པོའི་བྱང་རྒྱུད་ལ་བཙན་འཛུལ་གྱིས་བོད་ཀྱི་ཚོ་བ་དག་བཅོམ་ནས་བདའ་འདེད་བྱས་ཚུལ་གསལ་ནའང་། བོང་སྟག་དང་རྐང་ཚ་ཞེས་དམིགས་བསལ་གྱིས་མིང་བཟུང་དོན་བཟུང་བྱས་མེད། དེ་ནི་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་བོད་སྡེ་ཁོ་ནའི་མིང་མ་བཀོད་པ་ཙམ་མ་ཡིན་པར། སྐབས་དེར་མཚོའི་ལྷོ་རྒྱུད་ནས་སྤྲད་པའི་བོད་ཀྱི་ཚོ་བ་སོ་སོའི་མིང་ཡང་བཀོད་མེད། དེ་བས་འདི་ནི་ལོ་རྒྱུས་འབྲི་མཁན་གྱིས་བམ་བརྗོད་བྱས་པའི་སྣང་ཚུལ་ལས་གཞན་མིན། སྤྱིར་བཏང་གི་སྡོམ་ཚིག་ལྟར་ན་མཚོ་སྔོན་པོའི་མཐའ་འཁོར་ལ་གདོད་མའི་དུས་སུ་བོད་ཀྱི་རུས་རྒྱུད་ལྡོང་དང་འ་ཞ་སོགས་རུས་རྒྱུད་མང་པོ་གནས་ཤིང་། བོད་བཙན་པོའི་སྐབས་སུ་མགར་གྱི་ཁྱིམ་རྒྱུད་ཀྱིས་སྤྱིའི་བཀོད་འདོམས་འོག་གནས་ཤིང་། བོད་སིལ་བུར་འཐོར་རྗེས་བོད་བཙན་པོའི་རྒྱུད་པ་རྒྱལ་སྲས་སོགས་ཀྱིས་མངའ་ཁོངས་སུ་གཏོགས་ཤིང་། དེ་ནས་ས་སྐྱ་སོགས་ཀྱིས་དབང་བསྒྱུར་ཚུལ་ཡིན། བྱེ་བྲག་གིས་བོད་སིལ་བུར་འཐོར་བའི་རྗེས་ནས་ཆབ་སྲིད་ཀྱི་དུས་འཁྲུག་སྣ་ཚོགས་ཀྱིས་རྐྱེན་བྱས་ཏེ་བོད་ཀྱི་མི་རྒྱུད་མང་པོ་སྔ་རྗེས་སུ་གནས་སྤོར་ཐེངས་མང་བྱས་པར་གྲགས། འོན་ཀྱངལྟ་བ་མཁའ་ཁྱབ་ཕྱོགས་བྲལལྟ་བུ་ཡིག་ཚང་འགའ་རེའི་སྟེང་རྐང་ཚའི་རུས་རྒྱུད་དེ་ཐོག་མར་སྡེ་དགེ་དང་མགོ་ལོག་སོགས་ནས་རིམ་གྱིས་མཚོའི་ལྷོ་ཕྱོགས་ཀྱི་དར་རྒན་གཞུང་དུ་གནས་ཆགས་པ་ཡིན་ཚུལ་གསལ་བ་དང་།  དེ་ནི་དུས་རབས་བཅུ་གསུམ་པ་སྟེ་ཡོངས་གྲགས་ཀྱིས་ས་སྐྱ་བའི་བོད་ཁམས་ཡོངས་ལ་མངའ་དབང་བསྒྱུར་བའི་དུས་སུ་ཁེལ་ཡོད།  རྒན་པ་དག་གི་བཤད་རྒྱུན་ལྟར་ན་རྐང་ཚའི་རུས་རྒྱུད་མདོ་ཁམས་སུ་ཆད་རྗེས་མི་ཟོག་གཉིས་ཀྱི་འཕེལ་ཁ་རྒྱས་པའི་འགྲོས་དང་བསྟུན་ཡུལ་ཕྱོགས་མང་པོར་འཁྱམ་ཉུལ་གྱིས་ལོ་མང་པོ་འདས་མཐར། རྨ་ཕ་རུའི་བ་ཡན་ཐང་དང་དར་རྒན་གཞུང་སོགས་ནས་ལོ་མང་པོར་ཕྱུགས་འཚོས་ཏེ་བསྡད་ཅིང་། དེ་ནས་རིམ་གྱིས་གཞིས་བྱེས་གཉིས་སུ་གྱེས་ཏེ་ཚོ་བ་འགའ་ཞིག་མཚོ་སྔོན་པོའི་བྱང་རྒྱུད་དུ་སྤར་བ་ཡིན་ཞེས་གྲགས། ཡང་ལ་ཤས་ཀྱིས་རྐང་ཚའི་རུས་རྒྱུད་ཀྱི་ཐོག་མའི་གནས་གཞི་ནི་མཚོ་སྔོན་པོའི་བྱང་རྒྱུད་ཡིན་ལ་དེ་ནས་སོག་པོའི་དཔུང་ཁག་གིས་དར་རྒན་གཞུང་སོགས་ལ་སྤྲད་པ་ཡིན་ཞེས་བཤད་སྲོལ་ཡང་ཡོད། མདོ་སྨད་གཡོན་རུ་ལོ་རྒྱུསཞེས་པར།  གཡོན་རུའི་ཚོ་བ་དག་མཚོ་སྔོན་པོའི་ལྷོ་རྒྱུད་ལ་བུད་པའི་དུས་སྐབས་ནི1460ལོ་ཡས་མས་ཤིག་ཡིན་ལ། སྐབས་དེར་བོད་རྣམས་ཕྱོགས་གང་ཐད་ནས་སྟོབས་ཤུགས་ཇེ་ཆེར་ཕྱིན་སྟབས། འབྲོག་པ་རྣམས་རྩྭ་ཆུ་གང་བཟང་གི་སར་བསྙེགས་ནས་རུ་སྤར་ཚེ་བཀག་འགོག་བྱེད་མཁན་མེད་པར་རང་དབང་ཆེ་བ་ཡིན་ཞེས་བཀོད་ཡོད། དེབ་འདིར་བཀོད་པའི་དུས་མཚམས་འདིའི་རྒྱབ་རྟེན་གྱི་ཁུངས་གང་ལ་བཅོལ་ཡོད་མིན་བཀོད་མེད་པས། དེའང་ཡིད་རྟོན་འཕེར་དཀའ་བའི་གནས་སུ་གྱུར་འདུག་ནའང་། སྐབས་དེར་གཡོན་རུ་སོགས་བོད་ཀྱི་འབྲོག་སྡེ་མང་པོས་རང་འགུལ་གྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་ས་ཁུལ་གང་རུང་ཞིག་བདམས་ནས་གནས་བཅས་ཤིང་།    གཡོན་རུའང་སྐབས་དེར་གཞིས་བྱེས་གཉིས་སུ་གྱེས་ཏེ་བྱེས་པ་དག་མཚོ་སྲིབ་བམ་མཚོ་སྔོན་པོའི་ལྷོ་རྒྱུད་ལ་སྤར་བ་ཡིན་ཚུལ་གསལ་བར་མ་ཟད། གཞིས་པ་དག་མུ་མཐུད་དུ་གཡོན་རུ་ཟབ་མོ་ཁོག་ཏུ་བསྡད་པ་དང་། དེའི་ཉེ་འཁོར་གྱི་རྐང་ཚ་སོགས་བོད་ཀྱི་ཚོ་སྡེ་གཞན་དག་གིས་ཁོང་ཚོར་ཇག་བྱས་ཚུལ་བྲིས་ཡོད། འདིར་བརྟགས་ན། རྐང་ཚའང་དུས་སྐབས་འདི་ཡས་མས་ཤིག་ལ་མཚོ་སྔོན་པོའི་བྱང་རྒྱུད་དུ་སྤར་བ་མིན་ནམ་སྙམ། 

གོང་གི་ལྟ་ཚུལ་འདི་ལ་ད་དུང་དཔྱད་གཞིའི་ཡིག་ཆ་འགའ་ཞིག་རྙེད་པ་ལས།    བསམ་བློའི་བླ་མའམ་བོད་ཀྱིས་གྲུབ་ཆེན་གླང་དཀར་བ་རུ་འབོད་པའི་སྐྱེས་བུ་དམ་པ་དེ་མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་གང་རུང་ཞིག་ཏུ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས་ལོ་དུ་མ་འགོར་ལ།  མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེ་ཡོངས་ཀྱིས་དམ་པ་དེའི་དམ་ཆོས་ཀྱི་བསླབ་བྱར་མི་ཕྱེད་པའི་དད་པོ་བརྟན་པོ་འཆིང་སྟེ་གདུལ་བྱར་གྱུར་ཡོད་ཚུལ་ཐོས། བསམ་བློའི་བླ་མ་མཆོག་གི་སྐུ་ཚེའི་མཛད་རིམ་བྲིས་པའི་ཡིག་ཆ་ཞིག་མིག་སྔའི་བར་ལག་སོན་མ་བྱུང་ནའང་། དམ་པ་གང་དེའི་བསྟེན་པའི་གྲུབ་མཐའ་ནི་བཀའ་བརྒྱུད་པར་གཏོགས་པར་མ་ཟད། དུས་སྐབས་དེ་ནི་ཕག་གྲུ་སྡེ་སྲིད་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བཞིན་པའི་དུས་སུ་ཁེལ་ཡོད་པས། བསམ་བློའི་མ་མཆོག་མཚོ་སྔོན་པོའི་མཐའ་འཁོར་དུ་ཕེབས་ཤིང་སྐབས་དེའི་བོད་ཀྱི་རུས་རྒྱུད་ཚོ་བ་མང་པོའི་སྐྱབས་ཀྱི་དམ་པར་བཟུང་ཚུལ་ནི་སྐབས་དེའི་ཆོས་སྲིད་མཆོད་ཡོན་དང་འབྲེལ་བ་དམ་པོ་ཞིག་མེད་དམ་སྙམ། བླ་མ་གང་དེར་མཚོ་སྔོན་པོའི་མཐའ་འཁོར་ནས་དེ་ལྟར་གདུལ་བྱ་བསམ་གྱིས་མི་ཁྱབ་པ་རྒྱས་སྟབས།    ཕྱིས་སུ་ཏཱ་མིང་གོང་མས་ཀྱང་ཆོས་སྲིད་མཆོད་ཡོན་གྱིས་ཡུལ་ཁམས་བདེ་འགུགས་ཀྱི་ཐུན་མིན་ཐབས་ཤེས་སུ་དམིགས་ཏེ་གྲོ་ཚང་རྡོ་རྗེ་འཆང་གི་གཙུག་ལག་ཁང་ཕུལ་ཏེ་སྐབས་དེའི་ཆོས་སྲིད་གཉིས་ཀྱི་དབུ་བླར་བཀུར།   བླ་མ་དེ་མཚོ་སྔོན་པོར་བཞུགས་པའི་དུས་སྐབས་སུ་མཚོ་སྔོན་པོའི་མཐའ་འཁོར་དུ་དར་བའི་གྲུབ་མཐའ་བཀའ་བརྒྱུད་པར་ངེས་ལ།   ཕྱིས་སུ་རྒྱལ་པོ་ཨན་ཐལ་ཧན་སོགས་སོག་པའི་དཔོན་ཁག་ལག་ལ་དབང་ཤོར་རྗེས་ཕྱོགས་འདིར་དགེ་ལུགས་པའི་སྙན་གྲགས་རྒྱས་ཤིང་སྟོབས་ཤུགས་ཆགས་ཞེས་འབྱུང་།    དེ་དུས་སོག་པོའི་དཔོན་ཁག་གིས་བཀའ་བརྒྱུད་པའི་དགོན་སྡེ་མང་པོ་གཏོར་ཞིང་གྲུབ་མཐའ་བསྒྱུར་བར་བཤད། དེར་བལྟས་ནའང་མཚོ་སྔོན་གྱི་ཕྱོགས་འདིར་དགེ་ལུགས་པའི་འཕྲིན་ལས་མ་རྒྱས་སྔོན་བཀའ་བརྒྱུད་པའི་གྲུབ་མཐའ་དང་བླ་མ་དག་གིས་དབང་བསྒྱུར་མྱོང་བ་གསལ་བས། དེ་ནི་ཕག་གྲུའི་ཆོས་སྲིད་ཀྱི་སྟོབས་ཤུགས་ལ་འབྲེལ་བ་འདུག་སྙམ། བསམ་བློའི་བླ་མ་མཆོག་གྲོ་ཚང་དུ་ཕེབས་དོན་ནི་མཚོ་སྔོན་པོའི་མཐའ་འཁོར་ལ་སོག་པོའི་དཔུང་ཁག་གི་བཙན་འཛུལ་བྱུང་ནས་བོད་ཀྱི་ཚོ་བ་མང་པོ་ཁྲིད་དེ་གྲོ་ཚང་སོགས་མཚོ་སྔོན་གྱི་ཤར་རྒྱུད་ཕྱོགས་སུ་བྲོས་པ་ཡིན་ཚུལ་བྲིས་ཡོད་ནའང་། རྒྱ་བོད་ལོ་རྒྱུས་ཀྱི་ཡིག་ཆར་སྐབས་དེར་སོག་པོའི་དཔུང་ཁག་གིས་བཙན་འཛུལ་བྱས་པའི་གནས་ཚུལ་བྲིས་མེད་པས།  བླ་མ་དེ་ཉིད་གྲོ་ཚང་དུ་ཕེབས་པ་ནི་སོག་པོའི་དཔུང་ཤུགས་གང་ལའང་འབྲེལ་བ་མི་འདུག་སྙམ།

གོང་ནས་གླེང་བ་ལྟར་གཡོན་རུ་སོགས་ཀྱིས་མཚོའི་མཐའ་འཁོར་ལ་བདག་བཟུང་བྱས་པའི་དུས་སྐབས་ནི་ཕལ་ཆེར་བསམ་བློ་བླ་མའི་སྟོབས་ཤུགས་མཚོ་སྔོན་པོའི་མཐའ་འཁོར་ནས་བྲི་བའི་དུས་སུ་ཁེལ་མེད་དམ་སྙམ།1510ལོའི་ཡར་སྔོན་ལ་རྐང་ཚའི་རུས་རྒྱུད་དེ་མཚོ་སྔོན་པོའི་ཕྱོགས་སུ་གནས་པའི་རྒྱུ་མཚན་གཞན་ཞིག་ནི་རྐང་ཚས་རུས་རྒྱུད་ཀྱིས་བསྟེན་པའི་སྐྱེས་ལྷ་ཨ་མྱེས་རྫ་དམར་དང་བ་ཡན་གཉིས་ཀྱི་ལོ་རྒྱུས་ཐོག་ནས་ཅུང་ཟད་ར་སྤྲོད་བྱེད་ཐུབ་སྟེ། རྐང་ཚའི་སྐྱེས་ལྷ་ཨ་མྱེས་རྫ་དམར་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གདན་དྲངས་པའི་དུས་སྐབས་ནི་ཡོངས་གྲགས་ཀྱིས་རྐང་ཚའི་དཔོན་པོ་བླ་མ་རབ་བརྟན་གྱི་དུས་ཏེ་དུས་རབས་བཅུ་དགུའི་དཀྱིལ་ཙམ་ལ་བྱེད་ནའང་།    དཔལ་མང་པཎྟི་ཏའི་གསུང་རྩོམ་ཞིག་ན་མཚོ་སྔོན་དུས་འཁྲུག་གམ་ཆུ་ཡོས་དུས་འཁྲུག་ཅེས་པ་ཞོལ་འཇགས་གནང་བའི་སྔ་རྗེས་གང་རུང་ཞིག་ལ། ཆིན་སྲིད་གཞུང་གིས་མཚོ་ཉིན་གྱི་རྫ་དམར་ལབ་ཙེ་སོགས་བསྟད་ཆོག་པའི་བཀའ་བསྒྲགས་མྱོང་ཚུལ་གསལ་བས། དེར་བརྟགས་ན། དུས་སྐབས་དེའི་སྔོན་དུ་མཚོ་ཉིན་ནས་རྫ་དམར་ལབ་ཙེ་བསྟད་མི་ཆོག་པའི་བཀའ་ཞིག་བསྒྲགས་མྱོང་བའང་གསལ་བོ་ཡིན་པས། ལོ་རྒྱུས་ཀྱིས་ངོས་ནས་བརྟགས་ན། 1510ནས1723ལོའི་བར་གྱི་དུས་སྐབས་ནང་སོག་པོའི་བཙན་འཛུལ་བས་མཚོ་སྔོན་པོའི་བྱང་ཕྱོགས་བདག་བཟུང་བྱས་པ་ཡིན་པས། མཚོ་ཉིན་རྫ་དམར་ལབ་ཙེ་བསྟད་མི་ཆོག་པར་བཟོས་པའི་བཀའ་དེ་ནི1510ལོའི་སྔོན་ཡིན་པ་ལོ་ཚིགས་ངོས་ནས་སྒྲུབ་ཐབས་སྙམ།   དེ་བཞིན་རྐང་ཚའི་རྒན་པ་རྣམས་ཀྱིས་རྨ་ཕ་རུའི་བ་ཡན་གྱི་ཕྱོགས་ནས་རྐང་ཚའི་རུས་རྒྱུད་ཅིག་བསྡད་མྱོང་བར་གསུངས་པར་མ་ཟད།  ས་དེའི་སྐྱེས་ལྷར་གྱུར་བའི་ཨ་མྱེས་བ་ཡན་ཡའང་རྐང་ཚ་མཚོ་སྔོན་པོའི་བྱང་ཕྱོགས་སུ་སྤར་བའི་རྗེས་སུ་ཕྱོགས་འདིར་གདན་དྲངས་ནས་སྐྱེས་ལྷར་བསྟད་མྱོང་། ལོ་རྒྱུས་ཐོག་སྐྱེས་ལྷ་དེ་རྐང་ཚ་ཡོངས་ཀྱི་སྐྱེས་ལྷར་བསྟེན་སྲོལ་མེད་པར་མ་ཟད།    དུས་རབས་བཅུ་དགུ་པའི་ནང་རྐང་ཚ་སླར་ཡང་མཚོ་སྔོན་པོའི་བྱང་ཕྱོགས་ལ་སྤར་བའི་རྗེས་སུ་རྐང་ཚའི་དཔོན་རིམ་ཁག་གིས་རྐང་ཚ་ཡོངས་ཀྱི་སྐྱེས་ལྷ་ལ་ཆེད་དུ་རྫ་དམར་ལབ་ཙེ་བསྟད་པའི་ལོ་རྒྱུས་འགའ་ཞིག་འདུག་པ་ལས། ཨ་མྱེས་བ་ཡན་མཆོད་པ་དང་སྐྱེས་ལྷར་བསྟེན་པའི་ལོ་རྒྱུས་བཤད་ཀྱི་མེད། དེའི་རྒྱུ་མཚན་གཙོ་བོ་ནི་དུས་རབས་བཅུ་དགུའི་ནང་མཚོ་སྔོན་པོའི་བྱང་རྒྱུད་ལ་སྤར་བའི་རྐང་ཚའི་རུས་རྒྱུད་དག་ནི་དར་རྒན་གཞུང་ནས་ཚུར་སྤར་བ་ཡིན་ལ། དར་རྒན་གཞུང་གཙོ་བོར་བྱས་ཏེ་དེ་ནས་ཕྱོགས་སོར་འཐོར་བའི་རྐང་ཚའི་རུས་རྒྱུད་དག་གིས་ཨ་མྱེས་བ་ཡན་སྐྱེས་ལྷར་མི་བསྟེན་པས།  ཨ་མྱེས་བ་ཡན་སྐྱེས་ལྷར་མ་བསྟེན་པ་ཡིན། དེར་བརྟགས་ན་མཚོ་སྔོན་པོའི་བྱང་རྒྱུད་ལ་ཨ་མྱེས་བ་ཡན་གདན་དྲངས་ཏེ་སྐྱེས་རི་བསྟད་པའི་དུས་སྐབས་ནི1510ལོའི་སྔོན་དུ་བསྣུར་ཐུབ་པ་གསལ་བོར་ཤེས་ཐུབ།  

དེ་བཞིན་གཡོན་རུའི་ལོ་རྒྱུས་སོགས་དཔྱད་གཞིའི་ཡིག་ཆ་དག་གཞིར་བཟུང་ན།  1723ལོའི་ཕྱིས་སུ་རྨ་ཆུའི་ལྷོ་རྒྱུད་ཀྱི་བོད་སྡེ་དག་གིས་གཡུལ་འཐབ་ཀྱི་དགྲ་རུ་འཛིན་ཡུལ་གཙོ་བོ་ནི་སོག་པོ་ཡིན་ཞིང་བོད་ཀྱི་མནའ་འབྲེལ་ཚོ་བ་ཁག་གིས་གཅིག་གྱུར་སྟོབས་ཤུགས་ལ་བརྟེན་ནས་མཚོ་སྔོན་པོར་ཡུལ་བྱེས་སྐབས།  ནང་ཁུལ་ནས་ས་གནས་འཕྲོག་རྩོད་ཀྱི་གཡུལ་འཁྲུག་མ་བཤྭམས་པའི་རྒྱུ་མཚན་ཡང་སྔོན་གྱི་སྔར་ཡོད་གནས་གཞི་ལྟར་བདག་བཟུང་བྱས་སྟབས་ཡིན་པར་བཤད།  ཡིན་ནའང་།  དེབ་ཐེར་དེ་དག་གི་རྩོམ་མཁན་མང་ཤོས་ལ་གཅིག་གྱུར་གྱི་ཞན་ཆ་ཞིག་ཡོད་པ་ནི1723ལོའི་རྗེས་སུ་རྨ་ཆུའི་ལྷོ་རྒྱུད་ནས་མཚོ་སྔོན་པོའི་མཐའ་འཁོར་ལ་སྤར་བའི་བོད་ཀྱི་ཚོ་བ་དག་ལས་རྐང་ཚ་ནི་གཙོ་བོ་ཡིན་པ་དང་། རྐང་ཚའི་དཔོན་པོ་འགའ་ཞིག་གིས་སྤྱི་ཁྱབ་ཀྱི་བཀོད་འདོམས་མཛད་དེ་མཚོ་གཡས་རུ་གཡོན་རུའི་བོད་ཀྱི་འབྲོག་སྡེ་ཁག་ལ་འགོ་ཁྲིད་བྱས་ཤིང་། སྐབས་དེའི་ཆིན་སྲིད་གཞུང་གིས་བོད་ཀྱི་ཚོ་སྡེ་དག་རྨ་ལྷོ་ནས་མཚོའི་མཐའ་འཁོར་ལ་བུད་པའི་ཁྲོད་བཀའ་ཁྲིམས་ནན་མོ་གཏོང་ཡུལ་དུ་གྱུར་བའི་དཔོན་པོའི་ཁྲོད་རྐང་ཚའི་དཔོན་པོ་དུ་མ་ཞིག་ཡོད་ལ། རྐང་ཚའི་དཔོན་པོ་ཡུམ་དམ་སོགས་མི་བཅུ་དྲུག་ཆིན་སྲིད་གཞུང་གིས་གཡོ་ཐབས་ལ་བརྟེན་ནས་ལྐོག་གསོད་བྱས་པ་སོགས་རྐང་ཚའི་དཔོན་པོའི་མཛད་རྗེས་བྲིས་མེད་པར་སོ་སོས་ནུས་པ་ཡིན་ཚུལ་བྲིས་འདུག

1510ཡས་མསཡོངས་གྲགས་ཀྱིས་ལོ་ཚིགས་འདི་གཏན་འཁེལ་བྱས་འདུག་ནའང་། རྒྱའི་ཡིག་ཚང་དག་ལས་དེ་ལ་ལོ་རེ་གཉིས་ཀྱི་མི་མཐུན་པ་ཅུང་ཙམ་ཡོད་པས་དོན་གྱི་དགོས་པ་ལྟར་དཔྱད་པར་རིགས།ཙམ་ལ་བོད་ཀྱིས་སོག་པོ་ཡུམ་ཚེར་འབོད་པའི་དཔུང་ཁག་ཅིག་ནང་ཁུལ་གྱི་འཁྲུག་འཛིང་ཁྲོད་གཡུལ་ཕམ་ནས་ཐོག་མར་མཚོ་སྔོན་པོའི་བྱང་ཕྱོགས་ལ་འོང་ཞིང་དེར་སྔོན་མ་ནས་གནས་ཆགས་པའི་བོད་ཀྱི་ཚོ་བ་དག་ལ་བཙན་འཛུལ་གྱིས་ས་འཕྲོག་ནས་ཡུལ་སྤྲད་ཅེས་བྲིས་ཡོད།    བོང་སྟག་ལོ་རྒྱུས་སྟེང1510ལོ་སྟེ་རབ་བྱུང་དགུ་བའི་ལྕགས་རྟ་ལོའི་མིང་ཀྲིན་ཏེའི་ཁྲི་ལོ་ལྔ་བར་སྨད་སོག་ཡུམ་ཚེ་སོགས་མཚོ་སྔོན་པོའི་ཕྱོགས་སུ་ཡོང་སྟེ་ཡུལ་དེར་སྔོན་ནས་བཟུང་ཡོད་པའི་བོང་སྟག་གི་མི་ཡང་འདུས་པའི་འབྲོག་སྡེ་རྣམས་རྨ་ལྷོར་བཙན་སྤྲོད་བཏང་པར་མ་ཟད་བོད་སོག་བར་གྱི་ས་མཚམས་རྨ་ཆུ་ཡིན་ལ་དེ་ལས་བརྒལ་མི་ཆོག་པ་གཏན་ཁེལ་བྱས་པས་བོང་སྟག་སོགས་ལ་རྡུང་རྡེག་ཚབས་ཆེན་ཐེབས་ཞེས་བྲིས་ཡོད་ནའང་། སྐབས་དེའི་ཡིག་ཚང་ཁྲོད་བོང་སྟག་སོགས་ཀྱི་མིང་དངོས་སུ་འཁོད་མི་འདུག་པར་མ་ཟད། ཡུམ་ཚེ་ཡི་སྟོབས་ཤུགས་ནི་མཚོ་སྔོན་པོའི་བྱང་ཕྱོགས་ལས་བརྒལ་བའི་གནས་ཚུལ་མེད་པས། སྐབས་དེར་རྨ་ལྷོར་སྤྲད་དེ་བོད་སོག་ས་མཚམས་ཕྱེས་ཞེས་པ་ནི་ཕྱིས་ཀྱི་ལོ་རྒྱུས་ལ་འཁྲུག་པ་ཡིན། དེའི་ལོ་རྒྱུས་དངོས་ནི་མིང་རྒྱལ་རབས་ཀྱི་ལོ་རྒྱུས་ཞེས་པའི་རྒྱ་དཔེ་ནང་། མིང་ཞན་ཙུང་གི་ཁྲི་ལོ་དྲུག་པའི་ལོར་ཤར་སོག་ཁུ་ཧན་ཏ་ཡན་གྱིས་ཤར་སོག་ས་ཁུལ་དབང་དུ་བསྡུས་རྗེས་ཡུལ་དེའི་བཀས་བཀོད་བརྒྱུད་འཛིན་གྱི་མངའ་བདག་ཡུམ་ཚེ་དང་ཨེར་ཐུའུ་སི་གཉིས་ཀྱིས་ཁུ་ཧན་ཏ་ཡན་ལ་གྱེན་ལྡོག་གི་དམག་འཁྲུག་བསླངས་པ་ཕམ་སྟེ། མཚོ་སྔོན་པོའི་བྱང་ཕྱོགས་ལ་དཔུང་འཇུག་བྱས་ཏེ་བོད་ཀྱི་ཚོ་བ་མང་པོར་བཙན་འཛུལ་གྱིས་ས་འཕྲོག་ཚུལ་གསལ་བ་དེ་ཡིན། 

དེ་ནས་རྩིས་པའི་ལོ་བཅུ་གཅིག་གི་རྗེས་ཏེ1521ལོ་ཡས་མས་ལ་སྨད་སོག་ཐུ་མེད་ཅེས་པའི་ས་ཆ་ནས་ཨལ་ཐན་ཧན་ཞེས་པས་དམག་དཔུང་འབོར་ཆེན་ཞིག་ཁྲིད་ནས་མཚོ་སྔོན་པོའི་ཤར་ཕྱོགས་རྒྱུད་དེ་རྨ་ཆུའི་འགྲམ་རྒྱུད་ལ་གནས་བཅས་ཤིང་། སྐབས་དེར་མཚོ་སྔོན་པོའི་ལྷོ་ཕྱོགས་སམ་མཚོ་སྲིབ་ན་གནས་པའི་བོད་ཀྱི་འབྲོག་སྡེ་མང་པོར་བཙན་འཛུལ་གྱིས་ས་འཕྲོག རིམ་གྱིས་མཚོ་སྔོན་པོའི་བྱང་ཕྱོགས་ན་གནས་པའི་ཡུམ་ཚེ་དཔུང་ཁག་ལ་དཔུང་འཇུག་བྱེད་འགོ་བཙུགས་ལ། མཐར་ཡུམ་ཚེ་ཕྱོགས་ཁག་ཕམ་ནས་ཨལ་ཐན་རྒྱལ་པོའི་ཕྱོགས་ཁག་གིས་མཚོ་སྔོན་པོའི་མཐའ་འཁོར་ཡོངས་ལ་དབང་བསྒྱུར། དུས་སྐབས་དེའི་ནང་དུ་སྔ་རྗེས་སུ་བོད་ཀྱི་ཚོ་བ་མང་པོ་རྨ་ཆུའི་ལྷོ་ཕྱོགས་སུ་བདའ་ཞིང་། ཡིག་ཆ་འགའ་རེའི་སྟེང་སྐབས་དེར་རྨ་ཆུ་ལྷོ་བྱང་གིས་ཕྱེས་ཏེ་བོད་སོག་བར་གྱི་ས་མཚམས་ཕྱེས་པ་ཡིན་ཞེས་བྲིས་ཡོད། འོན་ཀྱང་། སྤྱིའི་གནས་ཚུལ་ལྟར་ན1575ལོ་ཡས་མས་ཤིག་ལ་ཨལ་ཐན་རྒྱལ་བོས་མཛོད་དགེ་ཨ་སང་བླ་མ་ཞེས་པས་མཚམས་སྦྱོར་ལྟར་བོད་ཀྱི་དགེ་ལུགས་པའི་གྲུབ་མཐར་དད་པ་བརྟན་པོ་ཐོབ་སྟེ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཚོ་སྔོན་ལ་གདན་དྲངས་པ་ཡིན་ཞེས་འབྱུང་། རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་སྐོར་གྱི་ལོ་རྒྱུས་ཡིག་ཆ་དག་བཀླགས་ཚེ། སྐུ་ཕྲེང་གསུམ་པ་མཚོ་སྔོན་པོའི་བྱང་ཕྱོགས་སུ་ཕེབས་ཏེ་བོད་སོག་དད་ལྡན་མང་པོ་དབང་ལུང་གི་བཀའ་ཆོས་ཟབ་མོ་གནང་ཚུལ་གསལ་ལ། དེའི་སྐོར་ལ་ཞིབ་ཏུ་མཇལ་ཚེ་སྐབས་དེའི་མཚོ་སྔོན་པོའི་གཡས་གཡོན་ན་ད་དུང་བོད་རིགས་ཡོད་པ་རགས་ཙམ་ཤེས་ཐུབ། དེ་བས་རྨ་ཆུ་རབ་ཁས་བོད་སོག་ས་མཚམས་ཕྱེས་ཚུལ་དེ་ནི་ཕྱིས་ཀྱི་མཚོ་སྔོན་དུས་འཁྲུག་གི་རྗེས་སུ་བྱུང་བའི་ལོ་རྒྱུས་གནས་ཚུལ་ཞིག་མིན་ནམ་སྙམ། 

ཨལ་ཐན་ཧན་གྱི་རྒྱལ་རྒྱུད་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་རིགས་ལ་བཙན་འཛུལ་གྱིས་ས་འཕྲོག་སྟེ་དབང་བསྒྱུར་ནས་ལོ་ངོ་བརྒྱ་ལ་ཉེ་བའི་སྐབས་ཏེ1621ལོ་ཡས་མས་ཤིག་ལ། སྐབས་དེའི་བྱང་ཕྱོགས་ཧལ་ཧའི་ཡུལ་ནས་བྲོས་བྱོལ་དུ་འོང་བའི་ཆོག་ཐུ་རྒྱལ་པོ་ཞེས་པའི་སོག་པོའི་དཔུང་ཁག་ཅིག་མཚོ་སྔོན་པོ་བྱང་རྒྱུད་དུ་ཐོན་ཏེ་ཐུ་མེད་ཀྱི་དཔུང་ཁག་དང་གཡུལ་འཁྲུག་བྱས་ལ་རེ་ཞིག་ཐུ་མེད་ཀྱི་དཔུང་ཁག་ཕམ་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཁེ་དབང་ཤོར་སྟབས། ཐུ་མེད་ཀྱི་དཔུང་ཁག་དེ་རྨ་ཆུའི་ལྷོ་རྒྱུད་དང་མང་འབའ་བྱ་གསུམ་སོགས་ལ་སྤར་ཞིང་། 1637ལོར་ཇུན་གར་ལྷོ་རྒྱུད་དུ་ཡོད་པའི་སོག་པོ་ཧོ་ཤོད་ཀྱི་སྤྱི་དཔོན་གུ་ཤྲི་ཧན་གྱིས་དཔུང་དམག་ཁྲི་གཉིས་ལྷག་ཁྲིད་དེ་མཚོའི་མཐའ་འཁོར་ལ་ཐོན་ཏེ་འཐབ་ཐེངས་གཅིག་གིས་ཆོག་ཐུའི་དཔུང་ཁག་གཏོར་ཞིང་མཚོ་མཐའ་འཁོར་བརྒལ་ནས་རྨ་ཆུའི་ལྷོ་རྒྱུད་སོགས་མདོ་སྨད་ཡོངས་ལ་དབང་བྱས་ཤིང་། རིམ་གྱིས་ཁམས་སུ་དཔུང་འཇུག་གིས་སྐབས་དེའི་ཁམས་བེ་རི་རྒྱལ་བོ་ཚར་གཅོད་བྱས། དེ་ནས1642ལོ་ཙམ་ལ་དབུས་གཙང་ཕྱོགས་སུ་དམག་དྲངས་ཏེ་སྐབས་དེའི་གཙང་བ་ཀརྨ་བསྟན་སྐྱོང་དབང་བོ་ཕམ་པར་བྱས་ནས་བོད་མདོ་དབུས་ཁམས་གསུམ་ཡོངས་ཀྱི་ཆོས་སྲིད་མཆོད་ཡོན་གཅིག་ཏུ་བསྡུས་ཏེ་རྒྱལ་དབང་ལྔ་བར་གཏད་པ་ཡིན།   

དུས་སྐབས་འདིའི་ནང་དུ་བྱུང་བའི་ཡིག་ཆའི་སྟེང་ཏཱ་མིང་རྒྱལ་རབས་ཀྱི་སྲིད་བསྒྱུར་ལོ་རྒྱུས་མཇུག་སྒྲིལ་ནས་ཆིན་རྒྱལ་རབས་ཀྱིས་དབང་ཚུགས་མ་ཐག་པའི་དུས་སྐབས་དེ་དག་ལ། མདོ་སྨད་ཀྱི་མཚོ་སྔོན་པོའི་མཐའ་འཁོར་ལ་སྟོད་སྨད་བར་གསུམ་གྱི་སོག་པོའི་དཔུང་ཁག་གི་བཙན་འཛུལ་ཐེངས་མང་བྱུང་སྟེ།  ས་དེར་གདོད་མ་ནས་ཕྱུགས་འཚོས་ཏེ་གནས་པའི་བོད་ཀྱི་ཚོ་བ་མང་པོའི་ས་དབང་འཕྲོག་ནས་ཡུལ་ཕྱོགས་སོ་སོར་མདའ་འདེད་བྱས་པར་གྲགས། སྐབས་དེའི་བོད་སོག་བར་གྱི་མཛའ་དྲག་གི་གནས་སྟངས་མདུན་ནས་ཏཱ་མིང་གོང་མ་དང་ཆིན་རྒྱལ་རབས་ལ་འབྲེལ་བའི་ས་གནས་སྲིད་གཞུང་གིས་ཐོག་མར་སོག་པོའི་སྟོབས་ཤུགས་བེད་སྤྱད་དེ་ཡོངས་གྲགས་ཀྱིས་སོག་སྐྱོར་བོད་གནོན་གྱི་སྲིད་ཇུས་སྤེལ་ཏེ།  བོད་ཀྱི་ཚོ་སྡེ་མང་པོར་དྲག་གནོན་དང་བཙན་དབང་སྤྱད་པར་མ་ཟད།  རྨ་ཆུའི་རབ་ཁས་བོད་སོག་མི་རིགས་ཀྱི་ས་མཚམས་ཕྱེས་ཏེ་བྱང་རྒྱུད་སོག་པོ་དང་ལྷོ་རྒྱུད་བོད་ལ་གཏོགས་པའི་སྲིད་དབང་སྤེལ་བ་རེད་ཅེས་སྡོམ་ཚིག་བཞག་ཡོད་ལ། དུས་སྐབས་དེ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་ཀྱི་འབྲོག་སྡེ་དག་གིས་རང་གི་ས་དབང་སོག་པོར་ཤོར་བའི་དུས་སྐབས་ལ་ངོས་འཛིན་བྱེད་པས། མཚོ་སྔོན་པོའི་བྱང་རྒྱུད་དུ་རྐང་ཚ་བསྡད་པའི་ལོ་རྒྱུས་ཀྱི་གནས་ཚུལ་ཡང་མཐོང་ཐོས་ཀྱི་ཡུལ་དུ་མི་སྣང་ངོ། 

སྤྱིའི་གནས་ཚུལ་བརྗོད་སྟངས་ལྟར་ན་སྤྱི་ལོ1714ལོར། མཚོ་སྔོན་གྱི་རྒྱལ་པོར་གྲགས་པའི་བཀྲ་ཤིས་པཱ་ཐུར་ཚེ་ལས་འདས་ཤིང་། ཁོང་གི་བུ་བློ་བཟང་བསྟན་འཛིན་ལ་མན་ཆིན་སྲིད་གཞུང་གིས་ཆིན་ཝང་གི་གོ་གནས་སྤྲད་དེ་རྒྱལ་ཚབ་ཏུ་བསྐོས་པ་ཡིན།  ཁོང་གིས་རྒྱལ་བ་སྐལ་བཟང་རྒྱ་མཚོ་ལི་ཐང་ནས་འཁྲུངས་པ་སྐུ་འབུམ་དུ་གདན་དྲངས་ཏེ་ལྷ་སར་སྲུང་སྐྱེལ་གནང་ཞིང་། རེ་བ་ལ་ལྔ་བ་ཆེན་མོའི་སྐབས་སུ་གུ་ཤྲི་ཧན་ལ་གནང་བའི་འཇའ་ས་གནང་རྒྱུའི་རེ་བ་བྱས་པ་ལ། ཆིན་སྲིད་གཞུང་གིས་ཁ་ཡ་མ་བྱས་པར་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ལ་འཇའ་ས་གསེར་ཡིག་གནང་བ་སོགས་སོག་པོའི་དམག་དཔུང་ལ་མཐོང་གཟོས་མ་བྱས་རྐྱེན། ཆིན་ཝང་བློ་བཟང་བསྟན་འཛིན་ཁོང་ཁྲོ་ལངས་ཏེ་ལྷ་སའི་ཇོ་བོའི་མདུན་དུ་མཚོ་སྔོན་པ་རྣམས་བསྡུས་ཏེ་ངོ་ལོག་གི་ཟིང་འཁྲུག་སློང་རྒྱུའི་མནའ་བོར་ཞེས་འབྱུང་།   དེ་ནས་ཁོའི་དཔུང་དམག་ཕྱིར་མཚོ་སྔོན་དུ་ལོག་རྗེས་མཚོ་སྔོན་གྱི་སོག་པོའི་དཔུང་ཁག་གི་དཔོན་པོ་རྣམས་གཅིག་ཏུ་བསྡུས་ནས་དམག་དཔུང་རྩ་འཛུགས་ཀྱིས་གྱེན་ལངས་བྱས་ལ། དེ་ལ་ལོ་རྒྱུས་སྟེང་ཆུ་ཡོས་ལོས་མཚོ་སྔོན་དུས་འཁྲུགས་ཟེར་ཞིང1723ལོ་ཡིན། ལོ་རྒྱུས་ཐོག་དེ་ནི་གཞི་རྒྱ་ཆེ་ཞིང་ཟིང་ཆའི་རང་བཞིན་ཆེ་བའི་དུས་འཁྲུག་ཅིག་ལ་ངོས་འཛིན་གནང་བར་མ་ཟད། སྐབས་དེའི་ཟིང་འཁྲུག་ཁྲོད་བོད་རིགས་བཙན་གྱིས་ཞུགས་སུ་བཅུག་ཡོད་ལ། མཐར་ཆིན་གོང་མའི་དམག་དཔུང་གིས་ཕམ་པར་བཏང་སྟེ་བདེར་བཀོད་པ་ཡིན་ཟེར། དུས་མཚམས་འདི་ནས་བརྩམས་ཏེ་སོག་པོའི་དཔུང་ཤུགས་ཀྱིས་མདོ་སྨད་ལ་བཙན་དབང་སྤྱད་པའི་སྟོབས་ཤུགས་བྲི་ཞིང་ཚབ་ཏུ་ཆིན་སྲིད་གཞུང་གི་གཏན་འབེབས་དོན་གཅོད་ཁང་སོགས་བཙུགས་པ་ཡིན། 

སྐབས་དེའི་ཡིག་ཆའི་ཁྲོད་སྟོང་དཔོན་དང་བརྒྱ་དཔོན་སོགས་དཔོན་གནས་ལམ་ལུགས་དང་སྲིད་གཞུང་གིས་ཡུལ་བགོས་བྱས་པའི་ས་མཚམས་སོགས་རྐང་ཚའི་གནས་ཚུལ་ཐོར་བུ་མང་པོ་བཀོད་ཡོད།  ཡིག་ཆ་དེ་དག་སྤྱིའི་ཆ་ནས་ལོ་རྒྱུས་དང་རིག་གནས་མཚོན་པའི་མཁས་པའི་བརྩམས་ཆོས་མ་ཡིན་པར། སྲིད་གཞུང་གི་མི་སྣས་སྲིད་ཁྲིམས་ཀྱི་བཀས་རྒྱ་ཡི་གེར་བཀོད་པའི་གནས་ཚུལ་གཙོ་བོ་ཡིན་ལ། མཚོ་སྔོན་བདེ་འགོད་བྱས་རྗེས་ཆིན་སྲིད་གཞུང་གིས་རྨ་ཆུའི་ལྷོ་བྱང་གིས་ཕྱེས་ཏེ་བོད་སོག་གི་ས་མཚམས་ཕྱེས་ཤིང་བོད་རྣམས་རྨ་ཆུའི་ལྷོ་རྒྱུད་གཙོ་བོར་བྱས་ཏེ་གནས་སུ་བཅུག་པ་ཡིན། ཡིན་ནའང་། རིམ་གྱིས་བོད་ཀྱི་ས་ཁུལ་དུ་ཆིན་སྲིད་གཞུང་གི་དམག་ཤུགས་བཀོལ་ནས་དྲག་གནོན་བྱས་པ་དང་ཆབས་ཅིག མི་ཕྱུགས་ཀྱི་འཕེལ་ཁ་རྒྱས་ཏེ་འཚོ་བའི་ཐད་དཀའ་ངལ་ལ་འཕྲད་པར་བརྟེན་རྨ་ཆུའི་ལྷོ་རྒྱུད་ཀྱི་བོད་ཀྱི་ཚོ་བ་དག་རྨ་ཆུའི་བྱང་ཕྱོགས་དང་མཐའ་ན་མཚོ་སྔོན་པོའི་མཐའ་འཁོར་གྱི་ཡངས་ཤིང་རྒྱ་ཆེ་བའི་སྔར་གྱི་འབྲོག་ས་ལ་ལོ་རེ་བཞིན་སྤར་བའི་གནས་ཚུལ་ཇེ་མང་ལ་སོང་ཞིང་། ཆིན་སྲིད་གཞུང་གིས་སྔ་རྗེས་སུ་དྲག་ཤུགས་བཀོལ་ནས་འགོག་རྒོལ་ཐེངས་མང་བྱས་ཀྱང་། ཕན་ཐོགས་ཅི་ཡང་མ་བྱུང་བར1820ཡས་མས་ཙམ་ལ་ཆིན་སྲིད་གཞུང་གིས་ཐབས་མེད་ཨུ་ཐུགས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེ་ཁག་ལ་སྔར་མོས་བཞིན་རང་གནས་སུ་འདུག་ཆོག་པའི་ཆོག་མཆན་བྱིན་པ་ཡིན། སྐབས་དེར་མཚོ་མཐའ་འཁོར་ལ་བུད་པའི་བོད་ཀྱི་ཚོ་སྡེ་ཆེན་མོ་བརྒྱད་ཡོད་ལ་དེར་ལོ་རྒྱུས་ཐོག་མཚོ་སྔོན་པོའི་མཐའ་འཁོར་གྱི་མནའ་མཐུན་ཚོ་བ་བརྒྱད་ཅེས་འབོད་ཀྱིན་ཡོད།  

ལོ་རྒྱུས་ཐོག་རྨ་ཆུའི་ལྷོ་རྒྱུད་ཀྱི་འབྲོག་སྡེ་མང་པོ་ཞིག་སྔ་རྗེས་སུ་མཚོ་སྔོན་པོའི་མཐའ་འཁོར་ལ་སྤར་བའི་ཁྲོད་རྐང་ཚ་ཡོད་པར་མ་

ཟད། དུས་རབས་བཅོ་བརྒྱད་པའི་ལོ་རབས་དགུ་ཅུ་ནས་དུས་རབས་བཅུ་དགུའི་ལོ་རབས་སུམ་ཅུའི་བར་ཁྱོན་སྡོམ་ཐེངས་བཞི་ལ་རུ་སྤར་མྱོང་ཞིང་ཐེངས་གསུམ་ལ་ཆིན་སྲིད་གཞུང་གིས་དྲག་གནོན་བྱས་ཤིང་།  ཐེངས་གཉིས་པའི་སྐབས་སུ་རྐང་ཚའི་དཔོན་པོ་ཡུམ་དམ་སོགས་མི་བཅུ་བགྲོངས་པར་བཤད། ཐེངས་བཞི་བའི་སྐབས་སུ་རྐང་ཚའི་དཔོན་པོ་བླ་མ་རབ་བརྟན་གྱིས་འགོ་ཁྲིད་བྱས་ཏེ་དཔུང་བསྐྱོད་བྱས་པ་ཡིན། བླ་མ་རབ་བརྟན་ནི1814ལོར་ཡབ་ཚེ་བརྟན་དང་མ་གསེར་མཚོ་གཉིས་ཀྱི་བུར་སྐྱེས་པ་ཡིན་ཞེས་འབྱུང་ལ། ཆུང་དུས་རྙེ་ལྷུན་གྲུབ་ཆོས་རྫོང་ནས་རབ་ཏུ་བྱུང་ཞིང་ཡི་གེ་འབྲི་ཀློག་ནས་འགོ་བརྩམས་ཏེ་ཐུན་མོང་རིག་གནས་ལ་སློབ་གཉེར་ནན་ཏན་བྱས། ཕྱིས་སུ་རྐང་ཚའི་དཔོན་པོ་ཡུམ་དམ་དང་བནྡེ་ཐར་གཙོས་དཔོན་བཅུ་གསུམ་རྒྱ་སོག་ངན་འབྲེལ་སྒོས་དམར་གསོད་བཏང་བ་ཐོས་འཕྲལ། བླ་མ་རབ་བརྟན་གྱིས་སྐབས་དེར་རྙེ་དགོན་པ་ན་ཡོད་པའི་རྐང་ཚའི་གྲྭ་བ་འགར་རྐང་ཚའི་གནས་བབ་བརྗོད་དེ་མཐར་སྡེ་འགོ་འཛིན་པ་དང་དགྲ་ལན་སློག་རྒྱུའི་ནང་གྲོས་བྱས་ནས་རབ་བྱུང་གི་བསླབ་པ་ཕྱིར་རྙེ་དགོན་པའི་དགོན་བདག་བླ་མར་ཕུལ་ནས་དེ་ལུགས་ཀྱི་གནང་བ་ཞུས་ཏེ་ཕྱིར་རང་ཡུལ་དུ་ལོག  དེ་ནས་རིང་བོར་མ་སོང་བར་བླ་མ་རབ་བརྟན་གྱིས་རྐང་ཚའི་ནང་ལུང་གི་ཚོ་བ་ཁག་ལ་གཅིག་སྡུད་ཀྱིས་འགོ་ཁྲིད་དང་མཐའ་འཁོར་གྱི་ཚོ་བ་གཞན་དག་ལ་འགོ་ཁྲིད་ཀྱིས་དཔུང་སྒྲིག་ནས།  མཚོ་སྔོན་པོའི་མཐའ་འཁོར་གྱི་རྒྱ་སོག་ལ་དགྲ་ལན་བྱིན་ཏེ་རང་གི་ཕ་ས་ཕྱིར་འཕྲོག་པའི་དམག་འཁྲུག་བྱས།  དུས་རབས་བཅུ་དགུའི་ལོ་རབས་སུམ་ཅུའི་ནང་དུ་བླ་མ་རབ་བརྟན་གྱི་བཀོད་འདོམས་འོག་མཚོ་སྔོན་པོའི་མཐའ་འཁོར་འབྲོག་སྡེ་དག་གིས་རྒྱ་སོག་ལག་ནས་སོ་སོའི་ཕ་ས་ཕྱིར་བླངས་ཤིང་། ལོ་རྒྱུས་ཐོག་ལོ་ངོ་བརྒྱ་ཕྲག་གཅིག་ལྷག་གི་རིང་ལ་སོག་པོ་དང་འཐབ་རྩོད་བྱས་ཀྱང་རང་ས་ཕྱིར་མ་ལོན་པའི་གནས་ཚུལ་སྐྱོ་བོ་དེའི་ལོ་རྒྱུས་མཇུག་བསྒྲིལ་ཏེ། མཚོ་སྔོན་པོའི་མཐའ་འཁོར་གྱི་བོད་སྡེ་དག་ལ་སྔར་བཞིན་རང་རང་གི་ཕ་ས་ཕྱིར་དབང་བར་བྱས།  སྐབས་དེའི་བོད་ཀྱི་འབྲོག་སྡེ་ཁག་གི་མནའ་མཐུན་དཔུང་སྒྲིག་གི་སྟོབས་ཤུགས་ལ་ངོ་ཡ་མ་འོངས་པར་ཆིན་སྲིད་གཞུང་ཡང་ཨུ་ཐུགས་ཏེ་མཐར་མཚོ་སྔོན་པོའི་མཐའ་འཁོར་བོད་ཀྱི་ཚོ་བ་དག་གིས་བདག་བཟུང་བྱས་ཆོག་པའི་ཆོག་མཆན་བྱིན་པ་དང་། རྐང་ཚའི་བླ་མ་རབ་བརྟན་སྐབས་དེའི་མཚོ་སྔོན་པོའི་མཐའ་འཁོར་གྱི་མནའ་མཐུན་ཚོ་བ་བརྒྱད་ཀྱི་སྤྱི་ཁྱབ་སྟོང་དཔོན་ཆེན་མོར་བསྐོས་ཞེས་འབྱུང་། དེ་ནས་བཟུང་མཚོ་སྔོན་པོའི་རྐང་ཚ་ཞེས་པ་དངོས་སུ་གཏན་འཇགས་ཀྱིས་ད་ལྟའི་བར་བྱང་རྒྱུད་འདི་གར་བསྡད་པ་ཡིན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号