རྐང་ཚ་རྫོང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།


ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྒྱུན་མཐུད་ངང་གཞུང་ལམ་ལེགས་སྒྱུར་དང་ཞབས་ཞུ་མཐོར་འདེགས་སུ་བཏང་བས། གྲོང་གསེབ་ཀྱི་གཞུང་ལམ་དེ་རིམ་བཞིན་གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ལམ་བུ་དང་བདེ་སྐྱིད་ལམ་བུ། ཕྱུག་འགྱུར་ལམ་བུ་བཅས་སུ་གྱུར་ཡོད།



བཀག་རྡོ་བསལ་ཏེ་སེམས་ཀྱི་གསེར་ཟམ་བསྐྲུན། མཚོ་འཁྱིལ་ཡུལ་ཚོའི་ཡག་མོ་སྡེ་བ་དང་གོ་ཚང་སོགས་ཀྱི་ཆུ་བོ་བརྒལ་ས་རུ་ཟམ་པ་མེད་པས། འབྲོག་པ་རྣམས་ཀྱིས་དབྱར་ལ་ཆུ་རྒྱུན་བསྐོར་ནས་འགྲོ་བ་དང་དགུན་ལ་འཁྱག་དར་བརྒྱུད་ནས་འགྲོ་དགོས། ཆར་ཆུ་རྒྱས་པའི་ཚེ་ཆུ་ལོག་བྱུང་སྟེ་འགྲིམ་འགྲུལ་གྱི་རྒྱུ་ལམ་བཅད་ནས་ས་གནས་མང་ཚོགས་ཀྱི་རྒྱུན་ལྡན་འགྲོ་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན་ལ་དཀའ་ཁག་བཟོ་བཞིན་ཡོད། ས་གནས་དེ་གའི་མང་ཚོགས་འགྲོ་སྐྱོད་དཀའ་བའི་གནད་དོན་རྩ་ནས་ཐག་གཅོད་བྱ་ཆེད། མ་དངུལ་སྒོར་ཁྲི380བཏང་སྟེ་མཚོ་འཁྱིལ་ཡུལ་ཚོའི་ཡག་མོ་སྡེ་བར་ཟམ་ཆུང་གསར་སྐྲུན་དང་མཚོ་འཁྱིལ་ཡུལ་ཚོར་ཟམ་པ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་ནས། མང་ཚོགས་འགྲོ་སྐྱོད་དཀའ་བ་དང་འབྲོག་ལས་ཐོན་རྫས་སྐྱེལ་འདྲེན་དཀའ་བ། འགྲོ་སྐྱོད་ཀྱི་ལམ་ཐག་རིང་བ་སོགས་ཀྱི་གནད་དོན་སེལ་བས། འདི་ནི་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་། མང་ཚོགས་བཅས་ཀྱི་བར་ལ་བསྐྲུན་པའི“སེམས་དང་བསམ་པའི་སྦྲེལ་ཟམ”ཞིག་རེད།



དཀའ་གནད་བརྟོལ་ཏེ་དམངས་ཕན་ལམ་བུ་བཏོད། གྲོང་གསེབ་ཀྱི་གཞུང་ལམ་གུ་དོག་པ་དང་གུག་མང་བ། རྐྱེན་ངན་འབྱུང་ཉེན་ཆེ་ཞིང་ལམ་ངོས་རྩུབ་པ་སོགས་ཀྱི་གནད་དོན་བསྒྱུར་ཆེད། མ་དངུལ་སྒོར་ཁྲི680བཏང་སྟེ་སྐྱིད་སྨོན་ཡུལ་ཚོའི་ལམ་འགྲམ་གྱི་དར་འགོག་ཆུ་རགས་འཛུགས་སྐྲུན་ལས་གཞི་དང་། མཚོ་འཁྱིལ་ཡུལ་ཚོའི་ཉ་ནག་སོ་མ་སྡེ་བ་དང་བྲ་སོག་སྡེ་བ། ཆོས་རྒྱས་སྡེ་བ་བཅས་ཀྱི་བགྲོད་ལམ་ལེགས་བཅོས་ཀྱི་འཛུགས་སྐྲུན་ལས་གཞི་སྟེ་དམངས་འཚོའི་ལས་གཞི4ལག་བསྟར་བྱས་ནས། རྒྱུན་མཐུད་ངང་གྲོང་གསེབ་ཀྱི་གཞུང་ལམ་བདེ་འཇགས་དང་ཞབས་ཞུའི་འགན་ལེན་ནུས་པ་མཐོ་རུ་བཏང་། གཞན་གྲོང་གསེབ་དར་སྤེལ་གྱི་མ་དངུལ་སྒོར་ཁྲི2160བརྩོན་ལེན་བྱས་ནས་གཡུ་དཀར་འོམ་ལུང་ཡུལ་ཚོའི་ཇོ་སྐོར་གོང་མ་སྡེ་བའི་བགྲོད་ལམ་སྤྱི་ལེ33ལེགས་སུ་བཏང་ལ། ལོ་མང་རིང་ཉམས་གསོ་མ་ཐུབ་པའི་ཨར་འདམ་ལམ་དེ་སྣུམ་ལམ་དུ་གྱུར་ཏེ། སྟོད་ཀྱི་གཞུང་ལམ་གཙོ་བོ་ནས་སྨད་ཀྱི་འབྲོག་ཁྱིམ་ཁྲི་ཕྲག་བར། རིགས་སོ་སོའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ་བས་མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་ལམ་བུ་ཞིག་ཏུ་ངང་གིས་གྲུབ།



ལྟ་ཚུལ་བསྒྱུར་ཏེ་ཕྱུག་འགྱུར་ལམ་བུར་བསྐྱོད། ཞིང་ཆེན་རིམ་པའི“གྲོང་གསེབ་གཞུང་ལམ་ཡག་པོ་བཞིའི”དཔེ་སྟོན་རྫོང་ལ་བརྟེན་ནས“གྲོང་གསེབ་གཞུང་ལམ+ཐོན་ལས+ཡུལ་སྐོར”འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ། “གྲོང་གསེབ་གཞུང་ལམ+”ཡི་མཉམ་འདྲེས་འཕེལ་རྒྱས་རྣམ་པར་སྐུལ་འདེད་གཏིང་ཟབ་བཏང་ནས། མ་དངུལ་སྒོར་ཁྲི150བཏང་སྟེ་འོམ་ཆུ་གྲོང་རྡལ་འཕན་པོ་སྡེ་བའི་སྐྱིད་ཐོབ་འབྲོག་ལས་མཉམ་ལས་ཁང་གི་ནང་ངོས་སྙོམས་བཀོད་དང་ཕྱི་ལམ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། གྲོང་གསེབ་གཞུང་ལམ་འཕེལ་རྒྱས་ཀྱིས་སྡེ་བ་རིམ་པའི་མཉམ་ལས་ཁང་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་སྤེལ་ཐད་ནུས་པ་བཏོན། མ་ཟད་མ་དངུལ་སྒོར་ཁྲི500བཏང་སྟེ་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་གཞུང་ལམ་བརྟན་གཏོང་རིམ་སྤོར་གྱི་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱས་པ་དང་། དཀོན་ལོ་གོང་མ་སྡེ་བའི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས། ཉེ་འཁོར་གྱི་བཟའ་བཏུང་དང་རོལ་རྩེད་སོགས“ལམ་རྒྱུད་དཔལ་འབྱོར”ལ་སྐུལ་ཁྲིད་བྱས་པས། ལམ་བུའི་དབང་གིས་སྡེ་བ་མཛེས་སྡུག་དང་ལམ་བུའི་དབང་གིས་མང་ཚོགས་ཕྱུག་འགྱུར། ལམ་བུའི་དབང་གིས་ཐོན་ལས་དར་རྒྱས་བཅས་ཀྱི་རྣམ་པ་གསར་བ་མངོན་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号