མཚོ་སྔོན་པོ་མདའ་བཞིའི་ཕྱོགས་ཀྱི་མཐོན་པོ་བཅུ་གསུམ་གྱི་བསྟོད་པ་དཀར་ཕྱོགས་དགྱེས་པའི་སྒྲ་དབྱངས།


1.སྐྱེས་མཆོག་སྨོན་ལམ་མཐོན་པོ།

མེ་ཏོག་སྣ་བརྒྱ་རྣམ་བཞད་སུམ་རྩེན་མཚུངས།།
ཞིམ་མངར་དྲི་འཐུལ་བུང་བས་གླུ་དབྱངས་ལེན།།
སྤྲིན་དཀར་བརྟོལ་བའི་རྩེ་མོ་མཁའ་ལ་འཕགས།།
རེས་འགར་ཆུ་འཛིན་ཐོད་བཅིངས་སྒེག་ཉམས་ངོམས།།
གླང་ཆེན་འཕྲེད་འགྱིང་སྨོན་ལམ་མཐོན་པོའི་སྤོར།།
སླེབས་ཚེ་ཁོར་ཡུག་སྣོད་བཅུད་མ་ཚང་མེ།།
ལག་མཐིལ་རྫས་བཞིན་མིག་གི་དགའ་སྟོན་ཞེས།།
སྐྱེ་བོ་འབུམ་རྒུས་བསྔགས་བརྗོད་མེ་ཏོག་གཏོར།།

2.གནས་རི་ཞལ་དཀར།
དྲི་མེད་ཤེལ་དཀར་ལས་གྲུབ་མཆོད་རྟེན་བཞིན།།
ཁོར་ཡུག་རི་ཕྲན་སྟོང་འཛོམས་བརྗིད་ལྷང་ལྷང་།།
དུས་བཞིར་ན་བུན་གོས་གྱོན་རི་ཡི་རྒྱལ།།
སྔ་དགུང་ཉི་ཟེར་རབ་བསྡུད་གསེར་གྱི་ཞྭས།།
རབ་མཛེས་གནམ་འདེགས་ཀ་བ་ལས་ཀྱང་བརྗིད།།

3.བསིལ་ལྡན་མཐོན་པོ།{ཞོ་ཤན}
རི་རྒྱལ་ལྷུན་པོ་ཞལ་དཀར་བཀའ་བློན་ཁྱོད།།
བསིལ་ལྡན་དར་རྒུད་ཕྲག་ཏུ་འཁུར་ནུས་ཤིང་།།
བདེ་སྐྱིད་བསྐྲུན་ལ་མཐུ་ནུས་ལྡན་ནོ་ཞེས།།
ནོར་བ་རྗེ་ཡི་བཀའ་ལུང་སྤྱི་བོ་མཛེས།།

4.དངུལ་རི་མཐོན་པོ།
ལྷུན་སྟུག་རྩེ་ཟླུམ་ཅུང་ཟད་ཁྲོ་ཉམས་མངོན།།
ཆུ་ཕྲན་ལྷུང་ལྷུང་གླུ་ལེན་གཡའ་སྤང་ནགས།།
འཇིག་རྟེན་བྱེད་པོའི་བློ་ལས་བཏོན་སྙམ་སྟེར།།
དམངས་ཀྱི་བླ་རི་སྲིད་འདིའི་རྒྱན་གཅིག་རྨད།།

5.ཀུན་བཟང་བཀྲ་ཤིས་མཐོན་པོ།{ཤུ་ནག}
སྤྲོ་སྐྱིད་བག་ཕེབས་གནས་ཀྱི་གཡང་བརྒྱ་འཛོམས།།
རི་དྭགས་ཤྭ་བའི་ཁྱུ་ཚོགས་སྤྲིན་ལ་འཁུ།།
མེ་ཏོག་སྣ་མང་སུམ་རྩེན་ལས་ཀྱང་མཛེས།།
ཀུན་བཟང་མཆེད་གསུམ་ཞེས་གྲགས་རྨད་བྱུང་གནས།།

6.གེ་སར་མཐོན་པོ། {གེ་དར།}
སྔོན་བྱོན་དཔའ་བོ་གེ་སར་ནོར་བུ་མཆོག།
ཕྱོགས་བཞིའི་ནག་ཚོགས་དགྲ་རྣམས་འདུལ་བའི་ཚེ།།
སོ་བལྟ་མཛད་པའི་གནས་ལ་གེ་སར་རི།།
རི་ཚོགས་ཀུན་ལས་རྒྱལ་མཚན་ཏོག་གི་ཟླ།།

7.བཀྲ་ཤིས་ཆོས་ལུང་མཐོན་པོ།

བློ་བཟང་སྙན་བརྒྱུད་འཛིན་མར་དབང་བསྒྱུར་ཤིང་།།
མཁས་གྲུབ་རྒྱུ་སྐར་བྱེ་བའི་མགོན་པོ་ཞེས།།
རྒྱ་མཚོའི་གོས་ཅན་སྙན་པའི་བ་དན་གཡོ།།
སངས་རྒྱས་ཀུན་ངོས་ཞབས་ཀྱིས་བཅགས་པའི་གནས།།
ཤར་གྱི་རྒྱ་སྟག་ལྷོ་ཡི་གཡུ་འབྲུག་དང་།།
ནུབ་ཀྱི་བྱ་དམར་བྱང་གི་རུས་སྦལ་སོགས།།
སྲུང་བཞི་ཡོངས་ཚང་ས་དཔལ་ཀུན་འདུས་ཡུལ།།
རིན་ཆེན་ཚོམ་སྤུངས་བསམ་བཞིན་བཟོས་སམ་སྙམ།།
ངོ་མཚར་དཔལ་འཛོམས་བག་ཡངས་དགེ་སྦྱོར་འཕེལ།།
གནས་མཆོག་ཁོད་སྙོམས་ཆུ་སྐྱེས་འདབ་བརྒྱད་ཕྱེ།།
ས་དགེ་བཅུ་འཛོམས་དབེན་གནས་ཁྱད་ཆོས་རྫོགས།།
སྐྱེ་དགུའི་མཆོད་གནས་དགེ་འདུན་ཆུ་གཏེར་ཆེའི།།
སྟོང་གྲངས་ལོངས་ངེས་མ་འོངས་ལུང་དུ་བསྟན།།

 

8.སྟོབས་ལྡན་དགྲ་ལས་རྣམ་རྒྱལ་མཐོན་པོ། {རྫ་རྒན།}
སྐྱེ་དགུའི་གཙུག་ནོར་ཡོངས་འཛིན་རྡོ་རྗེ་འཆང་།།
གཙུག་བསྟེན་དགེ་བསྙེན་རྟེན་གྱུར་མཚན་གསོལ་བ།།
སྟོབས་ལྡན་དགྲ་ལས་རྣམ་རྒྱལ་མཐོན་པོ་ཞེས།།
དཀར་ཕྱོགས་སྐྱོང་དབུས་རྒྱལ་མཚན་ཏོག་བཞིན་མཛེས།།

9.བོ་རོ་མཐོན་པོ།

གོར་མོའི་གླེགས་བུ་དགུང་བརྩེགས་གཞལ་མེད་ཁང་།།
དཀར་ཐང་མར་ཁུའི་མཚོ་འཁྱིལ་གོང་བའི་རྒྱན།།
ཡུལ་ཁམས་དབང་བསྒྱུར་ལྷ་གཉན་བོ་རོ་ཞེས།།
ཤེལ་དཀར་ས་འཛིན་དབང་བོ་སྲིད་འདིའི་རྒྱན།།


10 བཀྲ་ཤིས་ཡག་རི་མཐོན་པོ།

རིན་ཆེན་རི་བོ་བཀྲ་ཤིས་བུམ་པའི་དབྱིབས།།

རྩ་རྩེར་སྨན་དང་བྲག་རི་ཤེལ་དཀར་ཚོམ།།

སྐེད་པར་གོར་མོའི་གླེགས་བུའི་བ་གམ་ཆེ།།

གསུང་རབ་བང་མཛོད་ཡིན་སྙམ་འཕྱངས་མོ་ཉུག།


11.བཀྲ་ཤིས་སྨན་རི་མཐོན་པོ། {ཨེམ་ཐུ།}
རྩེ་མོ་མངོན་མཐོ་འབིག་བྱེད་རི་བོའི་སྤུན།།
རྩ་བར་ནད་བརྒྱ་དྲུང་འབྱིན་བདུད་རྩིའི་སྨན།།
སྐྱེ་དགུའི་བསོད་ནམས་ལས་གྲུབ་སྐྱེད་མོའི་ཚལ།།
མ་ལའི་ཚལ་མཚུངས་བརྗོད་འདོད་སུ་ཡིས་འགོག།

12.ཤར་གྱི་གྲོགས་ལྷ་མཐོན་པོ།{ཧ་ཞ་རྫ་རྒན།}

སྣང་མཐའི་སྒྱུ་འཕྲུལ་དཔལ་ལྡན་ཡེ་ཤེས་ཀྱིས།།

ཕྱག་ཕྲེང་བརྒྱ་རྩས་རབ་གནས་མེ་ཏོག་གི།།

བྱིན་རླབས་མངོན་གྱུར་ཆུ་མིག་བརྒྱ་རྩ་བརྡོལ།།

འགྲོ་བའི་བསོད་ནམས་ཞིང་གྱུར་འབབ་པ་ཡོད།།

ལྷུན་ཆགས་རི་བོ་མ་ཧཱ་དེ་ཝ་འམ།།

ཤར་གྱི་གྲོགས་ལྷ་དཀར་པོའི་མཚན་ཀྱང་གསོལ།།


13.བཀྲ་ཤིས་རིན་ཆེན་འདུས་རི།{ཁུ་ཁུ་བུ་ལག}

བཀྲ་ཤིས་ཀུན་འདུས་རི་བོའི་རྩེ་མོ་ནས།།

མཐོ་མཐོ་ཀུན་ལས་མི་མཐོང་མདོ་སྨད་ཀྱི།།

གནས་བདག་ཆེན་པོ་རྨ་རྒྱལ་སྦོམ་ར་ཡི།།

ངོ་མཚར་བཀོད་པའི་བལྟད་མོ་མིག་གི་དཔྱིད།།


རྩོམ་ཡིག་ཚིག་བཅད་མ་འདི་སྔོན་ཆད་ཁོ་བོས་བྲིས་བའི་མཐོན་པོ་བཅུ་གསུམ་གྱི་བསྟོད་པ་དེར་འཕྲི་སྣོན་བཟོ་བཅོས་ཅུང་ཟད་དང་བཅས་སླར་ཡང་སྤྱི་ལོ2023ལོའི་ཟླ8པའི་ཚེས1ཉིན་རང་ཤག་ཆོས་རིག་དགའ་ཚལ་དུ་མདའ་གངས་དགས་བྲིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号