དཔའ་བོའི་བློ་གྲོས་བརྗོད་པའི་ལྷ་སྒྲུང་།
——རྐང་ཚའི་ཡུལ་གྱི་དགོན་པའི་རྣམ་ཐར།
འདིར་བརྗོད་པའི་རྐང་ཚའི་ཡུལ་གྱི་དགོན་པའི་རྣམ་ཐར་ཞེས་པ་ནི། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚའི་ཡུལ་དུ་ཆགས་པའི་རྐང་ཚའི་དགོན་ཆེན་དང་ཇོ་སྐོར་དགོན། ས་ཐོ་དགོན་སོགས་དགོན་སྡེ་གསུམ་ན་རྒྱུན་འཛིན་དང་འཁྲབ་སྟོན་བྱེད་བཞིན་པའི་རྣམ་ཐར་ལ་བྱ།
རྐང་ཚའི་དགོན་ཆེན་ནི་ཆིང་རྒྱལ་རབས་གོང་མ་ཐུང་ཀྲིའི་ཁྲི་ལོ་དགུ་པར(1866ལོ)ན་རམས་སྦྲ་གུར་དགོན་པའི་རྨང་གཞིའི་སྟེང་བཞེངས་པ་ཡིན་ལ། འདི་ལ་སྔོན་ཆད་རྐང་ཚའི་དགོན་གསར་ཞེས་འབོད། དབུས་གཙང་སེ་ར་དགོན་པའི་མཁན་པོ་མེར་རྒན་འཇིགས་མེད་རྒྱ་མཚོས་སློབ་གཉེར་དང་ལས་འགན་མཐར་ཕྱིན་རྗེས། མདོ་སྨད་དུ་ཕེབས་ཏེ་དཔའ་ལུང་ཡུལ་དུ་ངྷི་ཚ་དགོན་པའི་འདུ་ཁང་ཆེན་མོ་བཞེངས་རྗེས། 1915ལོར་རང་གི་བླ་མ་ཞྭ་དམར་པཎྡི་ཏས་རྐང་ཚའི་ཡུལ་དུ་མངགས་ཤིང་། རྐང་ཚའི་སྟོང་དཔོན་དཔལ་བཟང་དང་གནས་བརྟན་དབང་རྒྱལ་སོགས་ཀྱིས་སྣེ་ཁྲིད་དེ་དད་ལྡན་མང་ཚོགས་ཀྱིས་རྒྱབ་སྐྱོར་འོག་རྐང་ཚའི་དགོན་གསར་རྒྱ་བསྐྱེད་དེ་ཕྱག་འདེབས་མཛད་པ་ཡིན་ལ། བླ་དཔོན་དག་གིས་རྐང་ཚའི་སྤྱི་དགོན་དུ་ཐག་གཅོད་བྱས་ཤིང་མཚན་ཟུར་ལ་རྐང་ཚའི་དགོན་ཆེན་ཞེས་བཏགས། གྲུབ་མཐའ་དགེ་ལུགས་པའི་དགོན་པར་གཏོགས། སེ་རའི་མཁན་པོ་མེར་རྒན་འཇིགས་མེད་རྒྱ་མཚོ་ཚང་ལ་ཕུལ་དུ་བྱུང་བའི་མཁྱེན་རབ་ཀྱི་ཤེས་ཡོན་མངའ་བས་དམངས་ཁྲོད་དུ་སེ་ར་མཁྱེན་པ་ཚང་ཞེས་མཚན་ཐོགས་པ་དང་། དགོན་པ་གྲུབ་རྗེས་སེ་ར་མཁྱེན་པ་ཚང་གིས་དགོན་བདག་བླ་མ་མཛད་པས་དགོན་པ་འདིའི་བླ་སྤྲུལ་དང་པོར་གྱུར་བ་རེད།
རྐང་ཚའི་དགོན་ཆེན་གྱིས་འཁྲབ་བཞིན་པའི《མགོན་པོ་རྡོ་རྗེ》ཞེས་པ་ནི་དང་ཐོག་དབུས་གཙང་ནས་མདོ་སྨད་བླ་བྲང་དགོན་དུ་དར་ཞིང་། སེ་ར་མཁྱེན་པ་སྐུ་ཕྲེང་གཉིས་པའི་སྐབས་སུ་རྒྱུན་སྤེལ་མགོ་བརྩམས། རྐང་ཚའི་བླ་དཔོན་དག་གི་རེ་བ་ལྟར་འཇའ་མོ་ནས་དགེ་རྒན་ཞིག་མངགས་ཏེ་འཕེལ་རྒྱས་ཕྱིན། ཕྱིས་སུ་དགོན་པ་འདིའི་གྲྭ་བཙུན་དག་གིས་ཀན་སུའུ་བླ་བྲང་བཀྲ་ཤིས་འཁྱིལ་དང་གཅན་ཚའི་ལ་མོ་བདེ་ཆེན་སོགས་ནས་སློབ་གཉེར་གནང་དུས་ནང་དོན་ལ་ཁ་གསབ་བྱས་ཏེ་རིམ་གྱིས་འཐུས་ཚང་དུ་སོང་བ་ཡིན།
ས་ཐོ་དགོན་པའི་རྣམ་ཐར《གླིང་གེ་སར་རྒྱལ་པོ》ནི་སི་ཁྲོན་དཀར་མཛེས་ཁུལ་གྱི་རྫོགས་ཆེན་དགོན་པ་ནས་དར་བ་ཡིན་ལ། དགོན་པ་དེར་ཡུན་རིང་བའི་ལོ་རྒྱུས་ལྡན་ལ་ལྷག་པར་དུ“གླིང་གེ་སར་རྒྱལ་པོའི་རྣམ་ཐར”འཁྲབ་པ་ལ་བརྟེན་ནས་མིང་དུ་གྲགས།
《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་བོད་རིགས་དམངས་ཁྲོད་དུ་དར་ཆེ་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་ངག་རིང་མོ་ཞིག་སྟེ། དེར་གཞི་རྒྱ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན། ས་ཐོ་དགོན་པས་འཁྲབ་སྟོན་བྱེད་པའི《གླིང་གེ་སར་རྒྱལ་པོ》ནི་མི་རབས་མང་པོའི་སྒྱུ་རྩལ་པས་ཡུན་རིང་ལ་འཚོལ་སྙེག་དང་གོང་སྤེལ་དུ་བཏང་བས། རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བླ་ལྷག་ཏུ་ལྡན་ཏེ། གླིང་གེ་སར་རྒྱལ་པོའི་འཆམ་གྱི་རྣམ་པ་རྒྱུན་འཛིན་བྱས་ཡོད་པར་མ་ཟད། བཤད་བརྗོད་རྩོམ་རིག་གི་སྒྱུ་རྩལ་རྣམ་པའང་སོར་འཇོག་བྱས་ཡོད།
ཇོ་སྐོར་དགོན་ནི་གྲུབ་མཐའ་རྙིང་མ་བར་གཏོགས་ཤིང1683ལོར་ཐོག་མར་བཞེངས་ལ། སི་ཁྲོན་རྫོགས་ཆེན་དགོན་པའི་ཡན་ལག་དགོན་པ་ཡིན། གྲྭ་བཙུན་ཕུན་ཚོགས་རྣམ་རྒྱལ་ལགས་ཀྱིས་དགོན་བདག་དང་པོ་མཛད་ཅིང་། ལོ་རེའི་ལུགས་རྙིང་གི་ཟླ་བརྒྱད་པའི་ཚེས་གཉིས་ནས་ལྔ་བར་དུ《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》འཁྲབ་པས་ན། ས་གནས་དེའི་དད་ལྡན་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
རྐང་ཚའི་དགོན་ཆེན་གྱི་རྣམ་ཐར་འཁྲབ་མཁན་རྣམས་ནི་གྲྭ་བཙུན་ཡིན་ལ། གདོང་ལ་ཞལ་འབག་དང་ལུས་ལ་འཁྲབ་ལྭ་གྱོན་ནས་འཁྲབ་སྟོན་བྱེད་པ་ཡིན། སྤྱིར་བོད་ཀྱི་རྣམ་ཐར་ནི་སྒྲིག་གཞི་ཆ་ཚང་ཞིང་ལུས་ཀྱི་སྟངས་སྟབས་ངོ་མཚར་བ་ཞིག་སྟེ། གཞན་ཕན་གྱི་སེམས་པ་དང་དགེ་བའི་ལས་ལ་སྐུལ་བ། བཟོད་བསྲན་ཞུས་ནས་འགྲོ་བ་སྨིན་གྲོལ་དུ་འགོད་པ་ནི་དེའི་བརྗོད་བྱ་གཙོ་བོ་ཡིན།
འཁྲབ་སྟོན་གྱི་རྣམ་པ་ལ་བཤད་པ་དང་ལེན་པ། འཁྲབ་པ་སོགས་ཡོད་ཅིང་། དེའི་རོལ་ཆས་ལ་རྔ་ཆེ་ཆུང་དང་། དུང་དཀར་སོགས་འབུད་རྡུང་དཀྲོལ་གསུམ་གཙོ་བོ་ཡིན། རྣམ་ཐར་ཁྲོད་ཀྱི“ཞབས་བྲོ”སོགས་ནི་དངོས་ཡོད་འཚོ་བ་ལས་བཙོ་སྦྱངས་བྱས་པ་སྟེ། སྒྱུ་རྩལ་ལས་སྣོན་མཛད་ཡོད་པས་ན་ལུས་ཀྱི་སྟངས་སྟབས་དང་འགུལ་སྐྱོད་སོགས་ཚད་དང་ལྡན་ཞིང་ཉམས་འགྱུར་གྱིས་ཕྱུག་ལ། མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་རྣམ་ཐར་སྒྱུ་རྩལ་ཞིག་ཏུ་གྲུབ་ཡོད།
རྣམ་ཐར་གྱི་འཁྲབ་ཆས་རྣམས་ནི་དམངས་ཁྲོད་ཀྱི་ལག་ཤེས་བཟོ་ལས་ལྟར་ལས་སྣོན་བྱས་པས་ན། དམངས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་དེ་གང་ལེགས་སྒོས་སོར་འཇོག་བྱས་ཤིང་། སྤྱིར་བཏང་དུ་དགོན་པའི་ཆོས་ཚོགས་སྐབས་སུ་འཁྲབ་སྟོན་བྱེད་པ་ཡིན་ལ། བོད་བརྒྱུད་ནང་བསྟན་དགོན་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར་སྒྱུ་རྩལ་གྱི་ཟིལ་ཤུགས་དེ་མངོན་གསལ་དུ་མཚོན་པར་བྱས་ཡོད།
རྐང་ཚའི་དགོན་ཆེན་དུ་རྣམ་ཐར་འཁྲབ་སྟོན་གྱི་རྒྱུན་བསྐྱངས་པ་ལེགས་ཤིང་། ངེས་གཏན་གྱི་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པ་དང་། སློབ་སྦྱོང་གི་དུས་ཚོད། འཁྲབ་གནས། འཁྲབ་སྟོན་དུས་ཚོད་བཅས་ཡོད་པར་མ་ཟད། ཆོས་ལུགས་དད་མོས་ལ་ཞབས་ཞུ་སྒྲུབ་པའི་སྤྱི་ཚོགས་ཀྱི་བྱེད་ནུས་སོགས་ཀྱང་ལྡན་པ་ཡིན།
རྐང་ཚའི་ཡུལ་གྱི་དགོན་སྡེ་སོ་སོས་རྣམ་ཐར་གྱི་རྒྱུན་འཛིན་ཚུལ་མི་འདྲ་བའི་དབང་གིས། འཁྲབ་སྟོན་བྱེད་པའི་འཁྲབ་གཞུང་ཡང་མི་འདྲ་སྟེ། རྣམ་ཐར་དེ་དག་གིས་བོད་པའི་སྲོལ་རྒྱུན་གྱི་རྣམ་ཐར་གང་གི་ཉིང་བཅུད་རྣམས་རྒྱུན་འཛིན་བྱས་ཡོད་པར་མ་ཟད། དགོན་འཆམ་གྱི་གདོད་མའི་བབ་ཆགས་པའི་ཁྱད་ཆོས་དག་ཀྱང་སོར་འཇོག་བྱས་ཡོད་དེ། བོད་རིགས་ཀྱི་ཆོས་ལུགས་དད་མོས་དང་སྤྱི་ཚོགས་ལོ་རྒྱུས། རྩོམ་རིག་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱ་བར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིན་ཐང་དང་དམངས་སྲོལ་རིན་ཐང་། རིག་གནས་རིན་ཐང་བཅས་ལྡན་པ་ཡིན།
རྐང་ཚའི་དགོན་ཆེན་གྱི་རྣམ་ཐར་འཁྲབ་སྟོན་གྱི་རིམ་པ་ནི། བོད་ཀྱི་རྣམ་ཐར《མགོན་པོ་རྡོ་རྗེ》ནི་དུས་ཚོད་གསུམ་ཙམ་ལ་འཁྲབ་དགོས་ཏེ། དེ་ནི“སྟོན”དང“གཞུང”“བཀྲ་ཤིས” བཅས་འཁྲབ་ཚན་གསུམ་དང་འཁྲབ་རིམ་ལྔ་ཡིས་གྲུབ་པ་སྟེ།
འཁྲབ་ཚན་དང་པོ་ནི“སྟོན”ཞེས་པ་སྟེ། འཁྲབ་ཡོལ་ཕྱེས་པ་དང་འཁྲབ་སྟོན་པ་ཡོངས་གར་སྟེགས་སྟེང་འབུད་པ།
འཁྲབ་ཚན་གཉིས་པ་ནི“གཞུང”ཞེས་པ་སྟེ། འཁྲབ་རིམ་དང་པོ། མི་ལ་རས་པ་དང་སློབ་མ་གར་སྟེགས་སྟེང་བུད་དེ། གར་སྟེགས་དཀྱིལ་དབུས་ཀྱི་ཤིང་གི་འདུག་སྟེགས་སུ་བསྡད་ནས་སྒོམ་སྒྲུབ་བྱེད་པའི་ཉམས་འགྱུར་དོད་པ། འཁྲབ་རིམ་གཉིས་པ། ཨ་ཙ་ར་གར་སྟེགས་སྟེང་འཁྲབ་པ་ལ་བརྟེན་ནས་མི་ལ་རས་པའི་སྒོམ་སྒྲུབ་གྱི་ཁོར་ཡུག་སྟོན་པ། འཁྲབ་རིམ་གསུམ་པ། ཤྭ་བྲོ་འཁྲབ་པ་སྟེ། ཤྭ་བས་ལུས་ཀྱི་ཉམས་འགྱུར་ལ་བརྟེན་ནས་མི་ལ་རས་པར་རང་གི་རྗེས་སུ་ར་མདའ་འོང་བཞིན་པའི་རྣམ་འགྱུར་སྟོན་པ་དང་། ཉིད་ལ་སྐྱབས་བཅོལ་བྱས་ཏེ་ཆོས་སྒོར་ཞུགས་འདོད་ཀྱི་བསམ་བློ་མཚོན་པ། འཁྲབ་རིམ་བཞི་པ། ཤ་ཁྱིས་ཤྭ་བའི་རྗེས་དེད་ནས་མི་ལ་རས་པའི་མདུན་སར་ཐོན་པ་དང་། མི་ལའི་ཆོས་གསུངས་པ་ལ་ཉན་ནས་ཞེ་སྡང་གི་གནོད་སེམས་ཞི་སྟེ། ཤ་ཁྱི་བག་ཕེབས་མཉམ་གནས་ཀྱི་སྣང་ཚུལ་སྟོན་པ། འཁྲབ་རིམ་ལྔ་པ། རི་དྭགས་པ་མགོན་པོ་རྡོ་རྗེ་ཕ་བུ་གཉིས་གར་སྟེགས་སུ་ཐོན་པ་དང་། མི་ལ་རས་པས་མགུར་གླུ་བླངས་ཏེ་འཇིག་རྟེན་སྟེང་གི་སྲོག་ལྡན་ཐམས་ཅད་འདྲ་མཉམ་དུ་འཚོ་དགོས་པའི་གནས་ལུགས་བརྗོད་པས། རི་དྭགས་པ་ཆོས་འོག་ཏུ་ཚུད་པ།
འཁྲབ་ཚན་གསུམ་པ། བཀྲ་ཤིས་འཇོག་པ། འདི་ནི་ཆེས་མཐའ་མཇུག་གི་འཁྲབ་སྟོན་ཏེ། འཁྲབ་སྟོན་པ་ཡོད་ཚད་གར་སྟེགས་སུ་ཐོན་ནས་ཞབས་བྲོ་འཁྲབ་ཤིང་། མ་ཎིའི་མགུར་དབྱངས་འཐེན་ནས་འཚོ་བར་བདེ་སྐྱིད་འོང་བའི་སྨོན་འདུན་ཞུ་བ་དང་བཅས་རྣམ་ཐར་འཁྲབ་སྟོན་གྱི་གོ་རིམ་དང་ནང་དོན་མཐའ་དག་ཕུན་སུམ་ཚོགས་པའི་ངང་མཇུག་བསྐྱངས་པ་རེད།
རྐང་ཚའི་ས་ཐོ་དགོན་པའི་རྣམ་ཐར《གླིང་གེ་སར་རྒྱལ་པོ》ནི།
རྣམ་ཐར《གླིང་གེ་སར་རྒྱལ་པོ》ལ《རྟ་རྒྱུགས་རྒྱལ་འཇོག》དང《ལྷ་གླིང་གབ་རྩེ་དགུ་སྐོར》《འཁྲུངས་གླིང་མེ་ཏོག་ར་བ》《ཧོར་གླིང་གཡུལ་འགྱེད》སོགས་ཡོད། གྱོན་པ་ལ་རིགས་གཉིས་ཡོད་དེ། གཅིག་ནི་བོད་པའི་རྒྱུན་ལྡན་གྱི་འཚོ་བའི་གྱོན་ཆས་དང་། གཞན་ཞིག་ནི་རྒྱ་ནག་གི་ཟློས་གར་གྱོན་ཆས་དང་འདྲ་སྟེ། དེར་བོད་པའི་གནའ་དུས་ཀྱི་གྱོན་ཆས་ཞེས་ཟེར། བོད་པའི་འཚོ་བའི་གྱོན་ཆས་ནི་རྒྱུན་ལྡན་གྱི་བོད་ལྭ་ཡིན། རྣམ་ཐར《གླིང་གེ་སར་རྒྱལ་པོ》ཁྲོད་དུ་སྤྱོད་པའི་འཁྲབ་ཆས་ལ་རིགས་ཅུང་ཉུང་སྟེ། གཙོ་བོར་ཁ་བཏགས་དང་རྟ་ལྕག གྲི། མདའ་གཞུ་སོགས་ཡིན་ལ། སྐབས་འགར་འཁྲབ་སྟོན་ར་བར་འདུག་སྟེགས་རིང་པོ་ཞིག་འཇོག་ལ་དེ་ནི་རྒྱལ་བློན་རྣམས་ཀྱི་བཞུགས་ཁྲི་ཡིན། རྒྱབ་ལྗོངས་སུ་རི་ཆུ་དང་རྩྭ་ཐང་སོགས་བྲིས་ཏེ། གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བཞི་བཏུལ་ནས་འབངས་རྣམས་བདེ་སྐྱིད་ལ་བཀོད་པའི་རྣམ་པ་སྟོན་ལ། ལྟ་མཁན་རྣམས་ཡུལ་དངོས་ལ་ཐོན་པའི་ཚོར་སྣང་སྦྱིན་ནོ།
རྣམ་ཐར《གླིང་གེ་སར་རྒྱལ་པོ》འཁྲབ་སྟོན་བྱེད་དུས་རྔ་དང་སྨྱུག་གླིང་། རྒྱ་གླིང་། སྐུད་གསུམ་ཅན་གྱི་པི་ཝང་སོགས་འབུལ་རྡུང་དཀྲོལ་གསུམ་བྱེད་ལ། གླུ་དབྱངས་ལེན་ཞོར་འཁྲབ་སྟོན་བྱེད་པ་ཡིན། འཁྲབ་ལེན་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་སྟེ། སྒྲ་གདངས་དམའ་ཞིང་འགྲོས་དལ་ལ། འགྱུར་ཁུགས་སྙན་ཞིང་འཇེབས་པ་ཞིག་ཡིན། ཕལ་ཆེར་གླིང་གེ་སར་གྱི་ངག་རྟ་དང་། ཆོས་གསུངས་པའི་ངག་རྟ། མགུར་གླུའི་ངག་རྟ། དམངས་གླུའི་ངག་རྟ་བཅས་སུ་དབྱེ་ཆོག དེ་དག་ལས་གླིང་གེ་སར་གྱི་ངག་རྟ་དང་ཆོས་གསུངས་པའི་ངག་རྟ་ནི་རྒྱལ་བློན་གྱི་ངག་རྟ་སྟེ་གདངས་དམའ་ཞིང་འགྲོས་དལ་བའི་ཁྱད་ཆོས་ལྡན། དམངས་གླུའི་ངག་རྟ་ནི་སྤྱིར་བཏང་དུ་བཙུན་མོ་དང་ལྷ་མོས་ལེན་པའི་དབྱངས་རྟ་སྟེ། འགྱུར་ཁུགས་སྙན་ཞིང་འཇེབས་ལ་བོད་རིགས་དམངས་གླུའི་བྲོ་སྟུག་པོར་ལྡན་འདུག རྣམ་ཐར《གླིང་གེ་སར་རྒྱལ་པོ》ནི་དོན་གྱི་བྱུང་བ་བརྗོད་པའི་སྙན་རྩོམ་རིང་མོར་གཏོགས་ལ། མི་སྣའི་ཁ་བརྡ་གང་ཡང་མེད་པར་ཡོད་ཚད་གླུ་ལེན་པར་བརྟེན་པ་ཡིན། འཁྲབ་སྟོན་པ་སུས་ཀྱང་གླུ་ལེན་པ་མ་ཡིན་པར་མི་གཅིག་གིས་འཁྲབ་སྟོན་ཡར་སྔོན་ནས་རྣམ་ཐར་གྱི་བརྒྱུད་རིམ་ཡོད་ཚད་བཤད་ཅིང་ལེན་པ་དང་། འཁྲབ་མཁན་མཐའ་དག་གི་གླུ་ཚིག་དང་ཁ་བརྡ་ཡོད་ཚད་འགྲུབ་པར་བྱེད། དེ་ལྟར་མགོ་བརྩམས་པ་ནས་མཇུག་རྫོགས་རག་བར་དུ་བཤད་ཅིང་ལེན་པས་ན། དེ་ནི་འཆད་ལེན་འཁྲབ་སྟོན་གྱི་རིགས་སུ་གཏོགས། རོལ་ཆས་ལ་བརྡུང་བྱའི་རྔ་གཅིག་དང་འཁར་རྔ་གཅིག་བཅས་ཡོད།
རྐང་ཚའི་ས་ཐོ་དགོན་པའི་རྣམ་ཐར་ནི《རྟ་རྒྱུགས་རྒྱལ་འཇོག》ཡིན་ཏེ། གེ་སར་ལ་རང་གི་ཁུ་བོ་ཁྲོ་ཐུང་གིས་མནར་གཅོད་མང་དུ་བཏང་ཡང་། དཀའ་སྡུག་གི་འཚོ་བ་ལ་མགོ་མ་སྒུར་བར་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་མཁྱེན་པ་སྣ་ཚོགས་བསྟན་ཞིང་། མཐར་རྟ་རྒྱུགས་པ་བརྒྱུད་ནས་གླིང་གི་རྒྱལ་པོར་བསྐོས་པའི་གཏམ་རྒྱུད་བརྗོད་པ་ཡིན། རྣམ་ཐར་ལ་འཁྲབ་རིམ་བཞི་ཙམ་ལྡན།
ཇོ་སྐོར་དགོན་པའི་རྣམ་ཐར《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》གྱི་འཁྲབ་སྟོན་ནང་དོན་ནི།
《དྲི་མེད་ཀུན་ལྡན་གྱི་རྣམ་ཐར》ནི་གནའ་བོའི་རྒྱ་གར་གྱི་དམངས་ཁྲོད་གཏམ་རྒྱུད་ཅིག་སྟེ། ཕྱིས་སུ་ནང་བསྟན་རྗེས་འཇུག་པ་དག་གིས་སྟོན་པའི་སྐྱེས་རབས་སུ་བསྡུས་ཤིང་།
བོད་ཀྱི་རྩོམ་རིག་པ་རྣམས་ཀྱིས་བཟོ་བཅོས་དང་ལས་སྣོན་བྱས་མཐར་བོད་ཀྱི་རྩོམ་རིག་གི་གྲུབ་ཆ་ཞིག་ཏུ་གྱུར། དེའི་བརྗོད་བྱ་ནི་ཕར་ཕྱིན་དྲུག་ལས་སྦྱིན་པའི་ཕར་ཕྱིན་ཡིན།
འཁྲབ་རིམ་དང་པོ། རིགས་རྒྱུད་འཁྲུངས་པར་སྐྱབས་འཇུག་ཞུ་བ།
གནའ་སྔ་མོ་ཞིག་ལ་མིང་ལ་བྷེ་ཏ་ཟེར་བའི་རྒྱལ་ཁབ་ཅིག་ཡོད་ལ་རྒྱལ་པོ་ས་སྐྱོང་གྲགས་པར་བུ་མ་སྐྱེས་པས། བཙུན་མོ་དགེ་ལྡན་བཟང་མོས་བུ་ཞིག་སྐྱེ་བར་སྐྱབས་འཇུག་ཞུས། རེ་འདུན་དྲག་པོ་དེས་གནམ་གྱི་ལྷ་རྣམ་པའི་ཡིད་དབང་འཕྲོག ལྷ་ཚངས་པས་ལྷ་མོའི་ཚོགས་མངགས་ནས་བུ་ཞིག་གནང་། རྒྱལ་བུ་དྲི་མེད་ཀུན་ལྡན་སྐུ་འཁྲུངས་སོ།།
འཁྲབ་རིམ་གཉིས་པ། ནོར་བུ་སྦྱིན་པ་བཏང་བས་ཆད་པ་ཕོག་པ།
རྒྱལ་བུ་དྲི་མེད་ཀུན་ལྡན་འཁྲུངས་པ་ལ་བློན་ངན་ཏ་ར་མཛེས་མ་དགའ་བས། གཡོ་སྒྱུའི་ཐབས་ཇུས་བཤམས་ནས་དྲི་མེད་ཀུན་ལྡན་ལག་ནས་ནོར་བུ་དགེ་འདོད་དཔུང་འཇོམས་གཡོ་ལེན་བྱས་པས། དྲི་མེད་ཀུན་ལྡན་བདུད་རི་ཧ་ཤང་ཡུལ་ལ་རྒྱང་སྤྱུགས་བྱས།
འཁྲབ་རིམ་གསུམ་པ། ཟླ་འོད་འོག་གི་གྱེས་བྲལ།
དྲི་མེད་ཀུན་ལྡན་བདུད་རི་ཧ་ཤང་དུ་འགྲོ་བ་ལ་བཙུན་མོ་མནྡེ་བཟང་མོ་ཡང་ཁོང་དང་ལྷན་དུ་འགྲོ་བའི་དམ་བཅས། དེ་ནས་ཁྱོ་ཤུག་གཉིས་ཀྱིས་མ་ཡུམ་ལ་གྱེས་ཕྱག་ཕུལ་རྗེས་བདུད་རི་ཧ་ཤང་ལ་ཆས། བློན་ངན་ཁ་ཏ་བོས་རང་གི་ཉེས་དམིགས་མཐོང་བའི་བློན་པོ་ཟླ་བ་བཟང་པོ་བགྲོངས་ཤིང་། རྒྱལ་སྲས་ལ་འཚེ་བའི་གཡོ་སྒྱུ་རབ་དང་རིམ་པ་སྤེལ། རྒྱལ་པོས་དོན་དེ་རྟོགས་རྗེས་འགྱོད་པས་མནར་བ།
འཁྲབ་སྟོན་བཞི་པ། རང་དོན་བསྐྱུར་ནས་གཞན་དོན་བསྒྲུབས་པ།
ལྷ་བྱ་ཁྲུང་ཁྲུང་གི་རོགས་སྐྱོར་ལ་བརྟེན་ནས་ཁ་ཏ་བོས་རྒྱལ་སྲས་ལ་གནོད་པ་བཟོ་མ་ནུས། དེ་ནས་དམོད་ཆས་སྤེལ་ནས་ཆུ་ལོག་གིས་སྲས་ལྷ་དཔེ་ཆུས་འཁྱེར། དུག་གི་སྦྱོར་བས་ཧ་ཤང་རྒན་པོའི་མིག་ཞར་དུ་བཅུག་ནས། དྲི་མེད་ཀུན་ལྡན་ལ་འཚེ་བའི་ལས་སྣ་ཚོགས་སྤེལ། དྲི་མེད་ཀུན་ལྡན་གྱིས་ཧ་ཤང་མི་དམངས་ཀྱི་ཆེད་དུ་རང་གི་མིག་སྦྱིན་པ་བཏང་བས། ཧ་ཤང་རྒན་པོས་ཡང་བསྐྱར་འོད་སྣང་མཐོང་ལ། ཧ་ཤང་མི་དམངས་ཀྱི་བརྩི་བཀུར་བླ་མེད་ཐོབ།
འཁྲབ་སྟོན་ལྔ་པ། ནོར་བུ་འཕྲོག་ནས་དགྲ་བོ་ཚར་བཅད་པ།
དྲི་མེད་ཀུན་ལྡན་ལྷ་བྱ་ཁྲུང་ཁྲུང་གིས་ལྷ་ཡུལ་དུ་འཁྲིད་ཅིང་མིག་གསོས། ལྷ་བྱ་ཁྲུང་ཁྲུང་གི་རོགས་སྐྱོར་ལ་བརྟེན་ནས་ནོར་བུ་དགོས་འདོད་དཔུང་འཇོམས་ཕྱིར་འཕྲོག་ལ། བློན་ངན་ཁ་ཏ་བོ་ཚར་བཅད།
མཇུག་མཐའི་འཁྲབ་ཚན། དགོང་ཁའི་ཉི་འོད་ས་གཞིར་འཕྲོས་པ།
རྒྱལ་པོས་རང་གི་ཉེས་དམིགས་སེལ་ཕྱིར་བློན་པོ་འཁོར་དང་བཅས་པ་འཁྲིད་ནས་ཧ་ཤང་ཡུལ་དུ་དྲི་མེད་ཀུན་ལྡན་བསུ་བར་ཕྱིན། ཧ་ཤང་རྒན་པོས་མནྡེ་བཟང་མོ་དྲི་མེད་ཀུན་ལྡན་གམ་དུ་བསྐྱལ་འོང་ལ། ལྷ་བྱ་ཁྲུང་ཁྲུང་གིས་སྲས་ལྷ་དཔེ་བསྐྱབས། རང་གི་གཉེན་མི་རྣམས་ལྷན་དུ་འཛོམས་པས་དགའ་བདེའི་དཔལ་ལ་རོལ། རྒྱལ་པོས་ཀྱང་ནོར་བུ་དགོས་འདོད་དཔུང་འཇོམས་དྲི་མེད་ཀུན་ལྡན་ལ་སྤྲད་པ་དང་། རྒྱལ་པོའི་གོ་གནས་ཀྱང་རྒྱལ་སྲས་ལ་གཏད་དོ།།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注