མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་བུད་མེད་ལྟ་སྲུང་བ།

ཉེ་ཆར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་བོད་འབྲེལ་སྨྱན་སྦྱོར་གྱི་བཅར་འདྲིའི་བྱེད་སྒོ་ཆེ་གྲས་ཏེ། གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ་ཞེས་པའི་བཅར་འདྲིའི་ཚོགས་ཆུང་གསུམ་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཆུ་འཁོར་ལྟ་ཞིབ་ས་ཚིགས་སུ་འབྱོར།

ཤེས་རྟོགས་བྱུང་བར་གཞིགས་ན། ས་ཚིགས་དེར་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་རྩི་ཤིང་གི་མཛེས་ཉམས་སྲུང་བའི་དམིགས་བསལ་གྱི་དཔུང་ཁག་གཅིག་ཡོད་པ་དེ་ནི་ཆུ་འཁོར་ལྟ་སྲུང་ས་ཚིགས་ཀྱི་བུད་མེད་ལྟ་སྲུང་བའི་དཔུང་ཁག་ཡིན།

ལྟ་སྲུང་ས་ཚིགས་འདི2016ལོར་བཙུགས་པ་དང་། ཁོངས་གཏོགས་ས་ཁུལ་དུ་ཚད་ལེན་ས་ཚིགས་ཉི་ཤུ་ལྷག་ཡོད་ཅིང་ད་ལྟ་དོ་དམ་ལྟ་སྲུང་བ་བརྒྱ་ལྷག་དང་། དོ་དམ་ལྟ་སྲུང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་ལྷག་ཟིན་ཞིང་། གཙོ་བོ་འཁྱགས་ཀླུང་དང་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག གསོམ་སྡོང་དང་ཤུག་པ་སོགས་སྐྱེ་དངོས་ཀྱི་རིགས་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲུང་སྐྱོབ་སྲོག་ཆགས་གསའ་དང་ཤྭ་སྐྱ། གཉན། དེ་བཞིན་གངས་ལྷ་མེ་ཏོག་སོགས་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་ནི་ཁོང་ཚོས་རང་གི་ལང་ཚོ་སྐྱེས་སུ་འབུལ་ཞིང་བློ་དང་སྟོབས་ཀྱིས་སྲུང་སྐྱོབ་བྱ་ཡུལ་དེ་རེད་འདུག

མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ར་གལ་ཆེན་ཞིག་དང་བགྲང་གིས་མི་ལངས་བའི་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་ཀྱང་ཡིན་པས། 2017ལོར་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་ཡོད་པའི་གཏེར་ཁ་སྔོག་འདོན་བྱེད་རིགས་གོ་རིམ་ལྡན་པའི་སྒོ་ནས་མཚམས་བཞག་པར་མ་ཟད། རྩྭ་ས་སླར་གསོ་བཅོས་སྐྱོང་དང་སྡོང་འཛུགས་ནགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་བ་དང་། ནགས་ཚལ་གསོ་སྐྱོང་། རྩྭ་ཐང་དང་ནགས་ཚལ་ཐོན་ཁུངས་ལ་ཞིབ་དཔྱད་ཚད་ལེན་བྱེད་པ། བརླན་སའི་ཐོན་ཁུངས་ལ་དཔྱད་ཞིབ་ཚད་ལེན་བྱེད་པ་སོགས་ལས་དོན་འབོར་ཆེན་བསྒྲུབས་ཡོད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྩྭ་སའི་རྒྱ་ཁྱོན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ནགས་ཚལ་ཇེ་མཐུག་དང་སྔོ་ཁེབས་ཇེ་ཆེར་འགྲོ་བའི་རྣམ་པ་མངོན་ཡོད་ལ། ཆུ་འཁོར་ས་ཚིགས་ཀྱི་བུད་མེད་ལྟ་སྲུང་བ་རྣམས་ཀྱི་དུས་རྒྱུན་གྱི་འབད་འབུངས་ལ་བརྟེན་ནས་ཁོར་ཡུག་ཇེ་བཟང་ཇེ་ལེགས་དང་རང་བྱུང་མཛེས་སྡུག་རྣམ་པར་བཀྲ་བར་གྱུར་དང་འགྱུར་མུས་རེད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་སྔར་ལས་ལྷག་པའི་སྲུང་སྐྱོབ་ཐོབ་པས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་འགུལ་སྐྱོད་ཁྱབ་ཁོངས་མུ་མཐུད་རྒྱ་ཇེ་ཆེར་སོང་བ་དང་། རྒྱལ་ཁབ་སྤྱི་གླིང་གི་འདུ་ཤེས་ལ་དམངས་ཀྱི་ཁས་ལེན་ཐོབ་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་སྣང་དང་སྐྱིད་སྣང་ཡང་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་འདུག

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号