ངོ་མཚར་ཕུན་སུམ་ཚོགས་པའི་གཉེན་སྟོན་ཞིག

——དཔའ་རིས་བོད་རིགས་ཀྱི་གཉེན་སྲོལ།

དཔའ་རིས་ཞེས་པ་ནི་དཔའ་བོའི་ཚོ་བ་ཞེས་པའི་དོན་ཏེ། དེ་ནི་གནའ་དུས་སུ་ཨ་མདོ་ས་ཁུལ་གྱི་བོད་རིགས་ཚོ་བ་ཞིག་ཡིན།

དཔའ་རིས་བོད་རིགས་ནི་ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ཐེམ་རྫོང་དང་འཇུ་ལག ཧུའུ་ཀྲུའུ། རྟ་ཐང་རྫོང་བཅས་དང་ཀན་སུའུ་ཞིང་ཆེན་གྱི་ཝུའུ་ཝེ། དཔའ་རིས། སུའུ་ནན། ཡུན་ཏུན་བཅས་ས་ཁུལ་དུ་འཚོས་ཡོད།

འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ལས་ཤེས་གསལ་ལྟར་ན། དཔའ་རིས་བོད་རིགས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་མཚོ་སྔོན་ལྷོ་ཕྱོགས་ཀྱི་མགོ་ལོག་ཨ་མྱེས་རྨ་ཆེན་རི་འདབས་ཀྱི་ཚོ་བ་ཞིག་གནས་སྤར་ནས་ཡོང་བ་དང་། དེ་ནས་རིམ་གྱིས་སུང་དང་ཡོན། མིང་། ཆིང་རྒྱལ་རབས་བཅས་བརྒྱུད་མཐར་ས་གནས་དེའི་ཆྰང་དང་འ་ཞན་ཕེ། སོག་པོ། རྒྱ་མི་རིགས་སོགས་དང་མཉམ་འདྲེས་བྱུང་མཐར་དཔའ་རིས་བོད་རིགས་གྲུབ་པ་ཡིན།

དཔའ་རིས་བོད་རིགས་ཀྱི་གཉེན་སྒྲིག་ལུགས་སྲོལ་ནི“ཁྱོ་གཅིག་ཤུག་གཅིག”ཅན་གྱི་ལམ་ལུགས་ཏེ། གནའ་སྔ་མོའི་དུས་སུ“བུད་མེད་ཕྱི་ཕྱོགས་སུ་གནས་ལ་མི་འགྲོ”ཞེས་པའི་ཡུལ་སྲོལ་ཞིག་ཀྱང་ཡོད། བུད་མེད་སུ་ཞིག་གིས་ཕ་མའི་ངག་ལ་མ་ཉན་པར་རིགས་རྒྱུད་ཕྱི་ཕྱོགས་ཀྱི་མི་དང་གཉེན་བསྒྲིགས་ཚེ་ཁྱིམ་རྒྱུད་དེར་ཚང་མས་ལེ་བདའ་དང་དམའ་འབེབས་སོགས་བྱེད་ཅིང་། བུད་མེད་དེའང་རང་གི་རིགས་རུས་ལས་ཕྱིར་ཕུད་པའི་ཆད་པ་གཅོད་མོད། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ད་ལྟ་ཡུལ་སྲོལ་དེའི་རིགས་ཀྱང་རིམ་གྱིས་ཉམས་དམས་སུ་སོང་།

དཔའ་རིས་བོད་རིགས་ལ་ཡུན་རིང་བའི་ལོ་རྒྱུས་ལྡན་ཞིང་། ད་ལྟའི་གཉེན་སྲོལ་ནི་གནའ་དུས་སུ་བུད་མེད་གཙོ་བོ་ཡིན་པའི་ལམ་ལུགས་དེ་སྐྱེས་པ་གཙོ་བོ་ཡིན་པའི་གཉེན་སྲོལ་ཕྱོགས་སུ་འཕོ་འགྱུར་བྱུང་ཡོད། གནའ་རབས་ཀྱི་གཉེན་སྲོལ་རིག་གནས་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་ཕྱུགས་ལས་མི་རིགས་ལ་ཆེད་དུ་ལྡན་པའི་དད་མོས་ཏེ། རི་ཆུ་དང་འབྲུ་རིགས། ཕྱུགས་ཟོག་བཅས་ལ་བརྩི་བཀུར་བྱ་བའི་ཡུལ་སྲོལ་དེའི་རྒྱུན་བསྐྱངས་ཡོད།

གཉེན་སྲོལ་གྱི་བརྒྱུད་རིམ་ནི།

དཔའ་རིས་ས་ཁུལ་གྱི་གཉེན་སྒྲིག་ལུགས་སྲོལ་ལ་གཤམ་གྱི་གོ་རིམ་འགའ་ལྡན་ཏེ། བར་བ་མངགས་པ——གཉེན་སློང་བ——རིན་ཕབ་པ——སྐྲ་ཕབ་པ——དར་སྐུད——སྒོ་ཆང་འདྲེན་པ——ཇ་ལན་ཆང་ལན——ཆང་འདྲེན——ཆང་གཞས——བུ་མོ་བཅོལ་གདམས——བག་ཇ་ལྡུག་པ——བཀྲ་ཤིས་འཇོག་པ——སྒོ་ཆང་འདྲེན་པ——རྟ་ཆང་འདྲེན་པ——རྡུལ་སྤྲུག་པ་སོགས་སོ།།

དང་པོ་བར་བ་མངགས་ནས་ཚིག་ལེན་པ་སྟེ། སྐྱེས་པ་སུ་ཞིག་ནར་སོན་ནས་དར་མའི་དུས་ལ་སླེབས་དུས། ཕ་མ་དང་རྒན་རབས་པ་རྣམས་ཀྱིས་བར་བ་འཚོལ་ཞིང་། བར་བས་ཀྱང་ཇ་ཆང་དང་ཁ་བཏགས་སོགས་ཀྱི་ལག་རྟགས་བཟུང་སྟེ་བུད་མེད་ཚང་ལ་ཚིག་ལེན་དུ་འགྲོ། བུད་མེད་ཚང་གི་ཁྱིམ་མི་རྣམས་འཐད་པ་བྱུང་ཚེ་བླ་མའི་མདུན་དུ་ཕོ་མོ་གཉིས་ཀྱི་ལོ་རིས་སོགས་མཐུན་མིན་ལ་མོ་འདེབས་པ་ཡིན། མོ་བཏབ་པ་བཀྲ་ཤིས་པ་བྱུང་ཚེ་ཉིན་བཟང་སྐར་བཟང་ཞིག་བདམས་ནས་གཉེན་སློང་བར་འགྲོ་བ་ཡིན། སྐབས་དེར་སྐྱེས་པ་ཚང་གིས་བར་བ་ལ་ཇ་ཆང་དང་ཁ་བཏགས། གོ་རེ་སོགས་ཀྱི་སློང་རྟེན་གྲ་སྒྲིག་བྱེད་ཅིང་། ཆང་ཕོར་གྱི་ཁ་ལ་ནས་རྡོག་འགའ་རས་དཀར་པོ་ཞིག་གིས་བསྡམས་ནས་འདོགས་ལ་དེའི་སྟེང་དུ་རས་དམར་པོ་ཞིག་གིས་དཀྲིས་ཡོད། རས་དམར་དེའི་བར་གསེང་དུ་ཤུག་པ་ཚོམ་བུ་ཞིག་བསྡམས་ཡོད་ཅིང་དེའི་སྟེང་ལ་ལུག་བལ་དཀར་པོ་འདོགས་ལ་མར་རྡོག་པོ་ཞིག་ཀྱང་བསྐུས་ཡོད། བར་བས་ལག་རྟགས་རྣམས་ཁྱེར་ནས་བུད་མེད་ཚང་ལ་འགྲོ་ཞིང་། བུད་མེད་ཚང་གིས་ཀྱང་བུ་མོའི་ཁུ་བོ་དང་ཞང་པོ་སོགས་བོས་ནས་གྲོས་བསྡུར་བྱེད། གཉེན་སྒྲིག་པར་འཐད་པ་བྱུང་ཚེ་བར་བས་ཆང་ཕོར་གྱི་ཁ་ཕྱེས་ནས་རྒན་པ་རྣམས་ལ་ཆང་འདྲེན་ཞིང་། གལ་ཏེ་སློང་ཆང་དེ་འཐུང་ཚེ་བུ་མོ་གནས་ལ་སྟེར་བར་ཁས་བླངས་པ་ཡིན། དེ་ལྟར་ཕན་ཚུན་ལ་ཁས་ལེན་ཐོབ་ཚེ་ཆང་དང་ཁ་བཏགས་འབུལ་ནས་རྟེན་འབྲེལ་ཞུ་བ་ཡིན། སྔོན་ཆད་ཕོ་མོ་ཕྱོགས་གཉིས་ཀས་བར་བ་རེ་འཚོལ་བ་ཡིན་མོད། ད་ལྟ་སྐྱེས་པ་ཚང་ཁོ་ནས་བར་བ་མངགས་པ་ཡིན།

རིན་ཕབ་པ་ཞེས་པ་ནི་བུ་མོའི་སློང་རྟེན་བརྗོད་པའི་ཆོ་ག་སྟེ། སྤྱིར་བཏང་དུ་སྐྱེས་པའི་ཁྱིམ་ཚང་དུ་སྤེལ་བ་ཡིན། ཁྱིམ་ཚང་ལ་མག་པ་ཚུར་བསུ་བ་ཡིན་ན་སྐྱེས་པ་ཚང་གི་མི་རྣམས་བུ་མོ་ཚང་ལ་འོང་ནས་སློང་རྟེན་བརྗོད་པ་ཡིན། ཉིན་བཟང་སྐར་བཟང་ཞིག་ལ་བུ་མོའི་ཞང་པོ་དང་ཁུ་བོ། ནུ་བོ། བར་བ་བཅས་སྐྱེས་པ་ཚང་ལ་འགྲོ་ཞིང་། སྐྱེས་པ་ཚང་གིས་ཀྱང་ཉིན་ཁ་ཤས་སྔོན་ནས་གྲ་སྒྲིག་འཛོམས་པོ་བྱེད་པ་ཡིན། ཉིན་དེར། ཁྱིམ་བདག་གིས་རང་ཁྱིམ་གྱི་མགྲོན་ཁང་གི་གྱང་ངོས་སུ་ཁ་བཏགས་ཤིག་འདོགས་པ་དང་། ཅོག་ཙེའི་སྟེང་དུ་ཕྱེ་མར(བཀྲ་ཤིས་དུས་བཟང་སྐབས་ཀྱི་མཆོད་རྫས་ཏེ། དཀར་ཡོལ་འབྲུག་མ་ཞིག་ཏུ་རྩམ་པ་བླུགས་ནས་དེའི་སྟེང་དུ་མར་ལས་གྲུབ་པའི་མཆོད་རྟེན་ཞིག་བཞག་ཡོད)ཞིག་བཞག་ཡོད། སློང་རྟེན་བརྗོད་པའི་ཚོགས་ཐོག་ཏུ“དཀར་སྒྲོན”དང“དམར་སྒྲོན”བཞག་ཡོད་དེ། མར་དང་ཆུར་བ། ཀ་ར་དཀར་ནག་སོགས་ལས་གྲུབ་པའི་དཀར་ཟས་དེར“དཀར་སྒྲོན”དང་། ལུག་ཟ་བརྩེགས་མར་བཞག་པ་དེར“དམར་སྒྲོན”ཟེར། མགྲོན་པོ་རྣམས་ལོ་ཚོད་ལྟར་གདན་ལ་བསྡད་པ་དང་།

ཞང་པོ་ནས་མགོ་བརྩམས་ཏེ་དཀར་སྒྲོན་དང་དམར་སྒྲོན་གཉིས་ལ་མཆོད་ཁ་འཕེན། མཇུག་མཐར་དེ་ཉིད་གནས་སྐབས་སུ་ཁྱིམ་བདག་ཚང་ལ་བཅོལ་ཞིང་ཕྱི་ཉིན་སྐལ་དགོས་ནས་ཁྱེར་འགྲོ་བ་ཡིན། མགྲོན་པོ་རྣམས་ལ་འདྲེན་པ་ལེགས་པོ་ཞིག་བྱས་རྗེས་ད་གཟོད་རིན་ཕབ་པའི་མགོ་དངོས་སུ་རྩོམ། བར་བས་ཐོག་མར་རྒན་རབས་པ་རྣམས་ལ་ཆང་འདྲེན་ཞིང་། དེ་ནས་མགྲོན་པོ་རྣམས་ལ“ཆུ་བདག”དང“ན་རྟ”གཉིས་ལས་གང་རུང་ཞིག་འདེམ་དུ་འཇུག “ཆུ་བདག”དང“ན་རྟ”ནི་སློང་རྟེན་གྱི་རིམ་པ་མི་འདྲ་བ་གཉིས་ལ་བྱ་སྟེ། སྔ་མ་ནི་རྟ་ནོར་སོགས་སྒོ་ཟོག་ཆེ་བའི་རིགས་ལ་བྱ་ཞིང་། ཕྱི་མ་ནི་ལུག་སོགས་སྒོ་ཕྱུགས་ཆུང་བའི་རིགས་ལ་བྱ་མོད། ད་ལྟ་ནི་སློང་རྟེན་རྟ་ནོར་གྱི་ཚབ་ཏུ་ལག་དངུལ་སྤྱོད་པ་ཡིན། གོང་གི་རིམ་པ་མི་འདྲ་བ་གཉིས་ཀྱི་གནད་དོན་ཐག་བཅད་རྗེས་ད་ནི་བུ་མོའི་རྒྱན་གོས་ཀྱི་སྐོར་བརྗོད་པ་སྟེ། མགོ་ཡི་ཞྭ་མོ་ནས་རྐང་གི་ལྷམ་དང་། དར་གོས་ཚ་རུ་ནས་རྒྱ་གར་ཐེར་མ། གཡུ་བྱུར་རྒྱན་ཆ་ནས་གསེར་དངུལ་གྱི་འདོགས་ཆ། རྒྱབ་ཏུ་དཔྱང་བའི་སྐྲ་ལུང་ནས་ཟུར་དུ་འདོགས་པའི་གློ་གཟུར་སོགས་རིགས་ཀྱི་དབྱེ་བ་མང་ཞིང་རིན་གོང་ཡང་ཧ་ཅང་མཐོན་པོ་ཡིན།

སྐྲ་ཕབ་པ་ཞེས་པ་ནི་བུ་མོའི་སྐྲ་ལུང་བརྗེས་པ་སྟེ། དེའི་སྔོན་གྱི་ཐོད་ལོག་བླངས་ནས་གནས་སོང་བུ་མོའི་སྐྲ་རྒྱན་འདོགས་པ་ཡིན་ལ། འདི་ནི་ཧ་ཅང་གཟབ་རྒྱས་ཆེ་བའི་ཆོ་ག་གལ་ཆེན་ཞིག་ཡིན། ཉིན་དེར། བུ་མོའི་ཁྱིམ་མི་དང་མགྲོན་པོ་རྣམས་ཀྱིས་སྔ་མོ་ནས་བར་བ་ལ་སྒུག་ཅིང་། བར་བས་ཀྱང་ནམ་མ་གསལ་ཡར་སྔོན་ནས་རྒྱན་གོས་རྣམས་རྟ་ཐོག་ལ་དྲངས་ནས་ལམ་ལ་ཆས་དགོས། བར་བ་སྒོ་ཁར་སླེབས་པ་དང་སྒོ་ཆང་འདྲེན་ཞིང་ཆུ་མཆོད(ཆུ་སྣོད་ཀྱི་ཁ་ལ་མར་བརྒྱན་ཞིང་། བལ་དཀྲིས་པའི་ཤུག་པ་ཞིག་གིས་བར་བའི་ལུས་ལ་ཆུ་གཏོར་བ)ཀྱི་ཆོ་ག་སྤེལ་བ་སྟེ། དེའི་གོ་དོན་ནི་གཏམ་དཔེ་ལས“ཆུ་གཙང་མའི་ལམ་མེད་ན། གཉེན་ཤ་ཉེའི་ལམ་མེད”ཅེས་པ་དེའོ།། ཆུ་གཏོར་མཁན་ནི་ཁྱིམ་བཟའ་ཚང་འགྲིག་ལ་ཡག་མོ་སྒོ་ཅན་གྱི་བུད་མེད་ཅིག་ཡིན་དགོས་ལ། དམངས་ཁྲོད་དུ“སྨན་མཛངས་མས་སྦྲང་ཆར་གཏོར་ན། ཆུ་གཙང་མ་ཁ་བཏགས་འཐེན་འདྲ། ཆུའི་ཕྲེང་བ་འབྲུ་རིགས་གཏོར་འདྲ”ཞེས་བརྗོད་སྲོལ་ཡོད།

བར་བ་སླེབས་ནས་རྒྱན་གོས་མཐའ་དག་གདན་ཐོག་ཏུ་བཤམས་རྗེས། ཞང་པོ་དང་ཁུ་བོ་རྣམས་ལ་རེ་རེ་བཞིན་ངོ་སྤྲོད་བྱེད་པ་ཡིན། གནའ་དང་པོའི་ལུགས་སྲོལ་ལྟར་ན། བུ་མོའི་ཞང་པོ་དང་ཁུ་བོ། བག་རོགས་སོགས་ཀྱིས་ཀྱང་བག་གསར་ལ་རྫོངས་སྐལ་སྟེར་དགོས།སྐྲ་ཕབ་པའི་མཛད་སྒོ་དངོས་སུ་མ་སྤེལ་བའི་ཡར་སྔོན་ལ། བར་བས་ཐོག་མར་མ་སྲུ་རྣམས་ལ་ཆང་དྲངས་ནས་བུ་མོར་སྐྲ་སླ་དགོས་པའི་རེ་བ་འདོན་ཞིང་། མ་སྲུ་རྣམས་ཀྱིས་བར་བས་འཁྱེར་འོང་བའི་སྐྲ་སྣུམ་དང་རྩིབ་རུས་ཉུང་དྲགས་པར་ཁ་གཡར་ནས་བར་བའི་གདོང་ལ་མར་བསྐུས་པ་དང་། ལུག་ཤའི་རྩིབ་རུས་མགོ་ཐོག་ཏུ་འཇོག་པ་སོགས་ཀྱི་རྩེད་མོ་བྱེད། དེ་ལྟར་ཕན་ཚུན་ལ་ཀུ་རེ་ཡུད་ཙམ་རྩེས་རྗེས་དངོས་སུ་མགོ་སྐྲ་སླ་བ་ཡིན། སྐབས་དེར་ཅོག་ཙེའི་སྟེང་དུ་གསེར་དངུལ་དང་གཡུ་བྱུར། དུང་དཀར(གསེར་སེར་པོས་ཆོས་ལུགས་མཚོན་པ་དང་། དུང་དཀར་པོས་བོད་ཡུལ་མཚོན། གཡུ་སྔོན་མོས་འབྱོར་ཕྱུག་གི་རྩྭ་ཐང་མཚོན་པ་ཡིན)སོགས་ཀྱི་རྒྱན་ཆ་བཞག་ཡོད་ལ། བག་གསར་དང་ན་ཚོད་རན་པའི་བུ་མོ་ཞིག་གིས་ཐོད་ལོག་དཀྲོལ་བ་དང་། བུད་མེད་རྒན་པ་ཞིག་གིས་འོ་མ་བསྲེས་པའི་ཆུས་བུ་མོའི་མགོ་སྐྲ་བཀྲུས་པ་ཡིན། དེ་ནས་ནུ་བོས་རི་དྭགས་ཤྭའམ་གནའ་ཡི་ར་ཅོ་ཞིག་གིས་བུ་མོའི་མགོ་རྒྱབ་ཀྱི་སྐྲ་ལོ་ཕྱོགས་གཉིས་སུ་ཕྱེས་རྗེས་ལན་བུ་སླ་བར་བྱེད། བར་བས་མགོ་སྐྲ་སླ་བཞིན་པའི་ཨ་ནེ་གཉིས་ལ་རྩིབ་རུས་རེ་སྟེར་ཞིང་། སྐྲ་ལམ་ཕྱེས་པའི་ཨ་ནེ་ལ་སྒལ་རུས་ཤིག་དང་། ནུ་བོར་ལུག་གི་རྔ་མ་ཞིག་སྟེར། འདི་དག་ནི་བར་བས་སྐྱེས་པའི་ཁྱིམ་ནས་ཁྱེར་འོང་བ་ཡིན། མ་སྲུ་རྣམས་ཀྱིས་མགོ་སྐྲ་སླ་དུས་བག་མ་ངུ་བའི་གླུ་ལེན་པ་སྟེ། སྤྱིར་བཏང་བག་གླུ་ནི་བུ་མོ་རང་གིས་ལེན་དགོས་མོད། ད་ལྟ་ནི་མ་སྲུ་རྣམས་ཀྱིས་བག་མའི་ཚབ་ཏུ་ལེན་པ་ཡིན།

དེ་ནས་བུ་མོ་ལ་ཨ་ཁུ་ཨ་ནེ་རྣམས་ཀྱིས་གོས་རྒྱན་སྣ་ཚོགས་བསྐོན་པ་དང་། བག་རྟར་ཞོན་ནས་གནས་ལ་འགྲོ་བར་གྲ་སྒྲིག་བྱེད་པ་ཡིན། སྐྲ་ཕབ་པའི་ཆོ་ག་མཇུག་རྫོགས་རྗེས་མགྲོན་པོ་རྣམས་རིམ་པ་བཞིན་གདན་ལ་འདུག དེའི་གོ་རིམ་ནི་དང་པོ་བླ་མ་དང་གྲ་བཙུན་རྣམས་ཀྱི་བཞུགས་ས་དང་། དེ་ནས་བཀྲ་མི་ཤིས་པའི་བགེགས་བར་ཆད་ཐམས་ཅད་གཙང་བར་སེལ་ཞིང་གཡང་འབོད་མཁན་གྱི་ལྷ་དཔོན་སོགས་འདུག་ལ། དེའི་འཕྲོར་ཨ་མྱེས་དང་ཞང་པོ།

ཨ་ཁུ། བར་བ། ཨ་ཕ། ནུ་བོ་བཅས་རིམ་པ་བཞིན་འདུག་པ་ཡིན། གལ་ཏེ་བླ་མ་དང་ལྷ་དཔོན་སོགས་མེད་ཚེ། ཞང་པོ་ནི་མགྲོན་གྱི་གཙོ་བོ་ཡིན། བག་རོགས་ནི་ཨང་དང་པོ་རང་གི་སྙིད་མོ་ཡིན་དགོས་ལ། གལ་ཏེ་སྙིད་མོ་མེད་ཚེ་རང་གི་ཨ་ནེ་ཡིན་དགོས།

གནས་ལ་སྐྱེལ་མཁན་ནི་བག་གསར་དང་བག་རོགས་ཁ་བསྣན་ནས་གྲངས་ཀ་ཆ་ལ་འབབ་དགོས་ཤིང་། སྐྲ་ཕབ་པའི་མཛད་སྒོ་ནི་ཉིན་གཉིས་པའི་ནམ་གསལ་རག་བར་དུ་འགོར་འགྲོ། བུ་མོ་ཚང་གིས་བག་གསར་ལ་རྫོངས་སྐལ་དང་སྐྱེས་པ་ཚང་ལ་ལེགས་སྐྱེས་གྲ་སྒྲིག་བྱེད་དགོས་ལ། ལམ་ལ་ཆས་ཁར་བར་བས་ཨ་ཞང་རེ་རེར་ཁ་བཏགས་འབུལ་ནས་ཆང་འདྲེན་པ་ཡིན། འདི་ནི་བར་བས་ཨ་ཞང་རྣམས་ལ་བཀའ་དྲིན་ཞུ་བ་དང་། གཞན་ལམ་བར་དུ་ཇི་ལྟར་ངལ་གསོ་དགོས་ཚུལ་སོགས་ཞུ་བ་ཡིན། བག་རོགས་དང་ནུ་བོ་གཉིས་ཀྱིས་བག་གསར་སྐྱོར་ནས་རང་ཁྱིམ་དུ་བསང་ཕུད་པ་དང་། མཆོད་མེ་བསྒྲོན་ནས་ཕྱག་གསུམ་འཚལ་ལ། རང་ཁྱིམ་ལ་གཡས་སྐོར་ཐེངས་གསུམ་བརྒྱབ་རྗེས་སྒོར་འབུད། སྐབས་དེར་མ་སྲུ་རྣམས་ཀྱིས་བག་ངུའི་གླུ་ལེན་བཞིན་རྗེས་དེད་ནས་འོང་། སྐབས་འདིར་བར་བས་མ་སྲུ་རྣམས་ལ་ཆང་དྲངས་ནས་བུ་མོ་རྟ་ཐོག་ཏུ་ཞོན་དུ་འཇུག་པའི་རེ་བ་ཞུ་བ་ཡིན།

བག་གསར་སྒོའི་ཕྱི་རོལ་དུ་བུད་པ་དང་ཨ་ནེའམ་ཨ་མ་གང་རུང་གིས་ལག་ཏུ་གཡང་མདའ་བཟུང་ཞིང་ངག་ནས“བུ་མོ། སྐྱིད་ཅིག་ཡོད་ན་ཁྱེར་ར་སོང་། གཡང་ཞིག་ཡོད་ན་ཞོག་ལ་ཐོངས”ཞེས་བུ་མོའི་གཡང་འགོག་པ་ཡིན། དེ་ནས་ཞང་པོ་དང་ཁུ་བོ་གཉིས་རྟ་ལ་ཞོན་ནས་མདུན་དུ་འགྲོ་བ་དང་། ནུ་བོས་བག་རྟ་འཁྲིད་ནས་དལ་གྱིས་བསྐྱོད། ཨ་ཞང་གཞན་པ་རྣམས་ནི་བག་གསར་གྱི་མཐའ་རུ་བསྐོར་ནས་འགྲོ་ལ་ཨ་ཕ་ནི་རྗེས་སུ་འབྲངས་ནས་འགྲོ་བ་ཡིན། ལམ་བར་དུ་ལོ་ལོན་རྒན་པ་དང་འཕྲད་ཚེ་བག་གསར་རྟ་ཐོག་ནས་བབས་ནས་རྐང་ཐང་ལ་འགྲོ་དགོས་ལ། གཉེན་ཉེ་གྲོགས་པོ་རྣམས་ལམ་བར་དུ་སྐྱེལ་མ་བྱེད་པར་འོང་། བུ་མོ་ཕར་སྐྱེལ་རྗེས་ཁྱིམ་ཚང་གིས་གྲ་བཙུན་ཞུས་ནས་གཡང་འབོད་ཆོ་ག་སྒྲུབ་པ་ཡིན།“བྲེལ་སྐུལ”འཛིན་པ་ནི་ལམ་བར་དུ་ངལ་གསོ་བའི་ཆོ་ག་ཞིག་སྟེ། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བས་ན་ལམ་ཐག་རིང་པོར་བསྐྱོད་དགོས་ཚེ་“དྲི་སྐུལ”འཛིན་པ་དེས་ཨ་ཞང་དང་བག་གསར་རྣམ་པའི་ལུས་ཀྱི་ངལ་དུབ་སེལ་བ་ལ་ཕན་ནུས་ངེས་ཅན་ཞིག་ཐོན་པ་ཡིན། དེར་བརྟེན“ཉག་ག་རེ་ན་ཁ་བཏགས་རེ། ལུང་བ་རེ་ན་དྲི་སྐུལ་རེ། རི་ཁ་རེ་ན་མེ་ཐོ་རེ། ཐང་ཆེན་རེ་ན་ས་གདན་རེ”ཞེས་བརྗོད་སྲོལ་ཡོད། གནའ་སྔ་མོའི་དུས་སུ་ལམ་དུ་དྲི་སྐུལ་བཅུ་གསུམ་འཛིན་པའི་སྲོལ་ཡོད་མོད། ད་ལྟ་ཕལ་ཆེར་ཐེངས་གསུམ་ཡིན་ཏེ། ཐེངས་དང་པོ་ནི་རྒྱ་ཆེ་ལ་ཐེངས་གཉིས་པ་དང་གསུམ་པ་ནི་ཅུང་སྟབས་བདེའོ།།

ཉིན་དེར། སྐྱེས་པ་ཚང་གིས་དྲི་སྐུལ་བ་གཉིས་མངགས་ནས་ལམ་བར་དུ་གདན་དཀར་ཐང་ལ་བཏང་ཞིང་བསང་གཏོང་བ་དང་། ལག་ཏུ་ཇ་ཆང་དང་ཁ་བཏགས་སོགས་བཟུང་ནས་ཨ་ཞང་ཚང་ལ་སྒུག་པ་ཡིན། ཨ་ཞང་རྣམས་རྟ་ལས་བབས་ཏེ་གདན་སྟེང་དུ་བཞུགས་པ་དང་།བྲེལ་སྐུལ་བས་ཆང་དྲངས་ནས་འཚམས་འདྲི་ཞུ་བ་ཡིན། དེ་ལྟར་ཨ་ཞང་རྣམས་ལ་རེ་རེ་བཞིན་ཆང་འདྲེན་ཞིང་ཁ་བཏགས་འབུལ་ལ། ཨ་ཞང་ཚང་གིས་ཀྱང་དྲི་སྐུལ་བར་ཤ་རྡོག་པོ་ཞིག་སྟེར་མོད། ད་ལྟ་ནི་ལག་རྟགས་གཞན་པ་དང་ལག་དངུལ་དུ་འགྱུར་ཡོད།

བྲེལ་སྐུལ་ཐེངས་གཉིས་པའི་སྐབས་སུ་ཕྱོགས་གཉིས་ཀ་རྟ་ལས་འབབ་མི་དགོས་ཤིང་། དྲི་སྐུལ་འཛིན་མཁན་གྱིས་ཨ་ཞང་རྣམས་ལ་གཡས་སྐོར་རྒྱག་ཞོར་ཁོ་ཚོའི་ལུས་སྟེང་ལ་འོ་ཆུ་གཏོར་ལ། ཨ་ཞང་རྣམས་དྲི་སྐུལ་བའི་རྗེས་དེད་ནས་དེའི་ལག་གི་ཁ་བཏགས་འཕྲོག་ཅིང་། རྟ་ཕོའི་བང་རྩལ་ངོམ་བཞིན་མདུན་དུ་རྒྱུགས། ད་ལྟ་ནི་ཞྭ་མོ་འཕྲོག་རེས་བྱེད་པ་ཡིན།

བྲེལ་སྐུལ་ཐེངས་གསུམ་པ་ནི་སྐྱེས་པ་ཚང་གི་སྒོ་འགྲམ་དུ་འཛིན་པ་སྟེ། སྐྱེས་ཕོ་མོ་མང་པོ་ཞིག་མགྲོན་བསུ་བྱེད་པ་ཡིན། སྐབས་འདིར་བག་གསར་དང་ལོ་རིས་སྤར་ཁ་མཐུན་པའི་བུ་མོ་གཉིས་ཀྱིས་ལག་ཏུ་ཁ་བཏགས་བཟུང་ནས་བག་གསར་རྟ་ལས་ཕབ་པ་སྟེ། འདིར་རྟ་ཁ་ལེན་པ་ཞེས་ཟེར། མགྲོན་བསུ་བས་བག་གསར་གྱི་ནུ་བོ་ལ“རྟ་ཁ་ང་ལ་སྤྲོད་དང་ཁྱེད་ལ་ཁ་བཏགས་འབུལ”ཞེས་བརྗོད། ནུ་བོས་ཀྱང་ཀུ་རེའི་ཚུལ་དུ“ཁྱེད་ཀྱིས་ཁ་བཏགས་འདོམ་པ་བཅོ་བརྒྱད་ཅན་ཞིག་འབུལ་ན་ད་གཟོད་རྟ་ཁ་སྟེར”ཞེས་སོགས་བརྗོད། ཕན་ཚུན་ལ་བཏགས་པ་དང་ཀུ་རེ་མང་པོ་ཞིག་བརྗོད་རྗེས་ཨ་ཞང་རྣམས་ལ་ཁ་བཏགས་རེ་ཕུལ་བ་དང་རྟ་ལས་འབབ། དེ་ནས་ཨ་ཞང་གཙོ་བོས་སྣེ་འཁྲིད་ནས་སྔོན་དུ་འགྲོ་ལ། བག་གསར་ནི་གཉེན་ཚང་མང་པོས་མཐའ་ནས་བསྐོར་ཏེ་དལ་གྱིས་མེ་ཐོ་ཡི་ཕྱོགས་སུ་བསྐྱོད་ཅིང་། དེས་ནི་ལམ་བར་དུ་རྗེས་སྙེག་འོང་བའི་མི་གཙང་བ་ཐམས་ཅད་གཙང་སེལ་བྱེད་པ་ཡིན། སྐབས་དེར་ལྷ་དཔོན་གྱིས་ཆེད་དུ་བག་གསར་ལུས་སྟེང་གི་མི་གཙང་བ་སེལ་བའི་འདོན་ཆོག་སྒྲུབ། ཨ་ནེས་ལག་ཏུ་སྡེར་སྣོད་ཅིག་བཟུང་ཞིང་དེའི་ནང་དུ་ནས་འབྲུ་དང་ཤུག་པ་བཞག་ཡོད་ལ། འོ་མ་བླུག་ཡོད་པའི་དུང་དཀར་དང་གཡུ་ཡི་ཕྲེང་བ་ཞིག་ཀྱང་ཁྱེར་འོང་ནས། འོ་མ་དེ་བག་གསར་གྱི་ལག་གཡས་པའི་སྟེང་གཏོར་བཞིན“འོ་མ་གསར་བ་འདིས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ཁྱིམ་གྱི་འབྱོར་བ་རྒྱས་ཤིང་མི་གྲངས་འཕེལ་བའི་རྟེན་འབྲེལ་ཡིན”ཞེས་སོགས་ཀྱི་སྨོན་ལམ་འདེབས་པ་དང་། འོ་མ་ཉུང་ངུ་ཙམ་བག་གསར་གྱིས་འཐུང་བའམ་ཡང་ན་དེའི་ཕུ་ཐུང་ནང་དུ་ལྡུག་ལ། གཡུ་ཡི་ཕྲེང་བ་དེ་བག་གསར་གྱི་མགོ་སྐྲའི་སྟེང་འདོགས་པར་བྱེད། བག་གསར་མེ་ཕུང་བརྒྱུད་དུས་མགོ་བོ་ཡར་ལ་དགྱེ་ནས་འགྲོ་ཞིང་། སྒྱུག་མོས་བག་གསར་གྱི་མགོ་ནས་མར་ལ་གནོན་ཙམ་བྱེད། མགོ་བོ་ཡར་ལ་དགྱེ་བ་ནི་རང་ཉིད་བཟའ་མི་གང་པོས་དང་ལེན་བྱས་ནས་ཁྱིམ་མི་རུ་གྱུར་ཏེ་མཐོང་ཆུང་སོགས་མི་བྱ་བར་ཞུ་ཞེས་པའི་དོན་ཡིན་ལ། སྒྱུག་མོས་མགོ་ནས་མར་གནོན་པ་ནི་བག་གསར་གྱིས་ལོ་ལོན་རྒན་པར་བརྩི་བཀུར་བྱེད་དགོས་ལ། ངེད་སྒྱུག་མོའི་དབང་ཆ་འཕྲོག་ནས་ཁྱིམ་མི་ཐམས་ཅད་ཀྱི་གོང་ལ་འབུད་མི་རུང་ཞེས་པའི་དོན་ཡིན། དེ་ནས་བག་གསར་གྱི་ཞང་པོ་དང་ཁུ་བོ། ནུ་བོ་བཅས་ཀྱིས་བག་གསར་མཆོད་མདུན་དུ་ཁྲིད་ནས་ཕྱག་གསུམ་འཚལ་རྗེས་འདུག་ཁང་གསར་བའི་ནང་དུ་འཁྲིད་འགྲོ།

ཨ་ཞང་རྣམས་སྒོ་ཁྱིམ་དུ་འཛུལ་དུས་གཉེན་ཚང་གིས་གླུ་ལེན་ཞོར་སྒོ་ཆང་འདྲེན་ཞིང་། ཨ་ཞང་ཚང་གིས་ཀྱང་ཆང་ལ་མཆོད་ཁ་འཕེན་ཞོར་འཐུང་བ་ཡིན། ཨ་ཞང་རྣམས་ཁྱིམ་གྱི་གཡས་གྲལ་དུ་འདུག་ལ། གཡོན་གྲལ་ནི་གཉེན་ཚང་གི་སྐྱེས་པ་རྣམས་འདུག་གནས་ཡིན། གཡས་གྲལ་གྱི་གྲལ་མགོ་རུ་ཞང་པོ་འདུག་ལ་གཡོན་གྲལ་གྱི་གྲལ་མགོར་ཁུ་བོ་འདུག གཡས་གཡོན་གཉིས་ཀྱི་གྲལ་དཀྱིལ་ནི་བླ་མ་དང་གྲ་བཙུན་གྱི་འདུག་གནས་ཡིན་ལ། བླ་མ་དང་གྲ་བཙུན་མེད་ཚེ་ཁྱིམ་ཚང་གི་ལོ་ལོན་རྒན་པ་རྣམས་འདུག ཨ་ཞང་དང་གཉེན་ཚང་བར་དུ་འཕྲད་མ་ཐག་འཚམས་འདྲི་ཞུ་བ་མ་ཡིན་པར། ཕྱོགས་གཉིས་ཀས་ཕན་ཚུན་ལ་དྲི་བ་དྲིས་ལན་གྱི་ཆོ་ག་དེ་སྤེལ་རྗེས་ད་གཟོད་ཕན་ཚུན་ལ་ཁ་བརྡ་སོགས་བྱེད་པ་ཡིན།

ཇ་ལན་ཆང་ལན་ཞེས་པ་ནི་ཕན་ཚུན་ལ་ཇ་ཆང་འདྲེན་པའི་ཆོ་ག་ཞིག་སྟེ། ཆོ་ག་དེ་ཉིད་མ་སྤེལ་ཡར་སྔོན་དུ་ཟས་རིགས་ལ་མི་རོལ་ཞིང་། དེ་ནི་ཟས་མཆོད་ཁ་མ་འཕང་ཟ་སྲོལ་མེད་ཅེས་པའི་དཔེ་དེའོ། ས་ཆ་ཁ་ཤས་ཀྱི་གོམས་སྲོལ་ལྟར་ན། གྲལ་མགོའི་ཅོག་ཙེའི་གཡས་གཡོན་ཕྱོགས་གཉིས་སུ་ཇ་ཆང་བཤམས་ཡོད། གཉེན་ཚང་གི་མི་གཉིས་ཀྱིས་དུས་མཉམ་དུ་ཇ་ཆང་འདྲེན་པ་སྟེ། གཡས་ཕྱོགས་ཀྱི་མི་དེས་ཨ་ཞང་ཚང་ལ་ཇ་འདྲེན་པ་དང་གཞན་ཞིག་གིས་ཆང་འདྲེན་པ་ཡིན། འདི་ནི་རྟེན་འབྲེལ་ཙམ་ཡིན་པ་ལས་དངོས་སུ་འཐུང་བ་མིན།

འབབ་སྒྲོན་ཞེས་པ་ནི་མགྲོན་པོ་རྟ་ལས་འབབ་དུས་བསྒྲིགས་པ་ཡིན་ལ། དེ་ནི་རྒྱ་མི་རིགས་ཀྱི“མཆོད་སྟེགས”དང་འདྲ། སྐབས་འདིར་མར་སྒྲོན་ཞེས་པའང་བསྒྲིགས་ཏེ། ཆེས་འོག་རིམ་དུ་ལུག་གི་རྐང་བ་འཇོག་ལ་དེའི་སྟེང་དུ་ལུག་གི་ལག་པ་གཉིས་འཇོག དེའི་སྟེང་དུ་ལུག་གི་མཚང་ར་འཇོག་ཅིང་སྟེང་རིམ་དུ་རྩིབ་རུས་བཞག་ཡོད། དེ་ནས་མགྲོན་པོ་རྣམས་ཀྱིས་ཞྭ་མོ་བརྗེ་བ་སྟེ། འོང་དུས་ཝ་ཞྭ་གྱོན་ཡོད་ལ་ད་ནི་ཞྭ་སྣ་བཞིར་བརྗེ་དགོས་ལ། འགྲོ་དུས་ཡང་བསྐྱར་ཝ་ཞྭ་གྱོན་པ་ཡིན། འདི་ནི་སྟོན་མོའི་དུས་ཡུན་རིང་ན་ཝ་ཞྭ་ལ་དུ་བས་གནོད་འགྲོ་བར་དོགས་པ་ཡིན། སྐུ་མགྲོན་རྣམས་ཀྱིས་ཝ་ཞྭ་བརྗེ་དུས་བག་གསར་གྱིས་ཀྱང་རྒྱན་གོས་སོགས་ཇེ་ཡང་དུ་བཏང་ཆོག

གསོལ་ཇ་འདྲེན་པ་ནི་རྟ་ལས་འབབ་པར་གསོལ་སྟོན་བཤམས་པའི་དོན་ཏེ། དཔའ་རིས་ས་ཆར་མཚོན་ན་མང་ཆེ་ཤོས་ནི་ཤ་མར་སོགས་ཡིན་ལ་གྲངས་མང་ཞིང་སྤུས་ཀ་བཟང་། སྟོན་མོའི་སྐབས་སུ་གུས་ལུགས་ཀྱི་ཆོ་ག་མང་བས། དཔའ་རིས་ས་ཆའི་སྲོལ་རྒྱུན་གྱི་གཉེན་སྟོན་སྟེང་ཆང་འཐུང་བ་ཅུང་ཉུང་ལ་ཚུལ་མཐུན་གྱིས་ཟས་སྟོན་ལ་རོལ་བ་ཡིན། ཤ་མར་གྱི་རི་རབ་བརྩིགས་ཡོད། ཇ་ཆང་གི་མཚོ་མོ་འཁྱིལ་ཡོད། ཅེས་པ་ལྟར་གསོལ་སྟོན་རྒྱ་ཆེ་བ་ནི་ཁྱིམ་ཚང་གི་ལྷག་སེམས་མཚོན་བྱེད་ཡིན། མགྲོན་པོ་རྣམས་ཀྱིས་ཀྱང་སྟོན་མོའི་སྐབས་སུ་ཆང་བག་མེད་དུ་མི་འཐུང་། གལ་ཏེ་ཕྱོགས་གང་གི་མིས་ཆང་འཐུང་བ་མང་དྲག་ནས་མིག་སྟོན་བྱས་ཚེ་དེ་ནི་ངོ་ཚ་ཞིག་ཏུ་བགྲང་ཞིང་། ཚབས་ཆེ་ན་ཡུན་རིང་གི་བཏགས་པ་ཞིག་ཏུའང་འགྱུར་སྲིད།

གཉེན་སྟོན་སྐབས་བག་སྐལ་བཤམས་པ་ནི་གོ་རིམ་གལ་ཆེན་ཞིག་སྟེ། རྟ་བབས་གསོལ་སྟོན་ལ་རོལ་རྗེས་མགྲོན་པོ་རྣམས་ཀྱིས་རང་གིས་འཁྱེར་འོང་བའི་ཇ་ཆང་སོགས་ཀྱི་ལག་རྟགས་རྣམས་ཅོག་ཙེའི་སྟེང་དུ་བཤམས་ནས་ཚང་མར་སྟོན་པ་ཡིན། དེ་ནས་གཉེན་ཚང་གིས་རིམ་པ་བཞིན་ཁ་བཏགས་འབུལ་པ་སྟེ། དེ་ཡང་བླ་མ་དང་གྲ་བཙུན་ལ་འབུལ་བ་དེར“གོས་དར”དང་། ལྷ་བོན་ལ་འབུལ་བ་དེར“ལྷ་དར”། གཉེན་ཉེ་ཚང་ལ་འབུལ་བ་དེར“གཉེན་དར”ཞེས་ཟེར། དེ་དང་མཉམ་དུ་ད་དུང་བླ་མ་ལ་གཟན་གོས་འབུལ་བ་དང་། ལྷ་བོན་ལ་ཆོས་གོས། གཉེན་ཉེའི་ཚང་གི་སྒྱུག་མོ་དང་ཁུ་བོ་སོགས་ལྭ་བ་འབུལ་བ་དང་། མག་པ་ལ་མག་ལྭ་དང་སྐེ་རགས་སོགས་འབུལ་བ་ཡིན། དེ་ནས་བར་བས་གཏམ་དཔེ་མང་པོ་དང་སྦྱར་ནས་ཕྱོགས་ཡོངས་ཀྱི་མི་རྣམས་ལ་བག་སྐལ་གྱི་གྲངས་ཀ་སོགས་ཅི་ཡོད་ངོ་སྤྲོད་པ་ཡིན། བར་བས་བག་སྐལ་དང་ལག་རྟགས་སོགས་རེ་རེ་བཞིན་ངོ་སྤྲད་པ་ན། གཉེན་ཚང་གིས་བཀའ་དྲིན་ཆེ་ཞུས་པ་དང་། མ་སྲུ་རྣམས་ཀྱིས་དེ་དག་ཁྱིམ་བདག་ལ་སྤྲོད་པ་ཡིན། ཕྱོགས་གཉིས་ཀས་ཕན་ཚུན་ལ་ཁ་བཏགས་སོགས་འབུལ་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།

“སོག་བཤད”ཅེས་པ་ནི་སྲོག་ཆགས་ཀྱི་སོག་རུས་ལ་བྱ་ཞིང་། གནའ་དུས་སུ་སོག་པ་ནི་བདེ་ཐང་དང་དཔའ་བོའི་མཚོན་བྱེད་ཡིན། སྟག་སེང་ཁྱུང་འབྲུག་གི་སོག་རུས་སྟེང་བཀྲ་ཤིས་རྟགས་བརྒྱད་ཡོད་པར་འདོད་ལ། གཉེན་སྟོན་སྐབས་སུ་སོག་བཤད་དང་བཅས་མག་གསར་ལ་འབུལ་བའི་སྲོལ་ཡོད་། གནའ་དུས་ཀྱི་བཤད་སྲོལ་ལྟར་ན། ཙན་དན་བཟང་པོའི་སྡེར་མའི་ནང་། ནས་ཆང་བཟང་པོའི་གདན་བཏིང་ལ། འབྲུ་མར་སེར་པོའི་རྒྱན་བཏང་ལ། བལ་ཐིག་དཀར་པོས་སྐེ་བསྡམས་ཡོད། ཅེས་པ་བཞིན་སོག་རུས་ཉིད་ནས་འབྲུ་བླུག་ཡོད་པའི་སྣོད་ནང་དུ་འཇོག་ལ། དེའི་སྐེད་ལ་ལུག་བལ་དཀྲིས་ཡོད། སོག་བཤད་སྐབས་སུ་མག་པ་ནི་གདན་དཀར་པོ་ཞིག་གི་སྟེང་དུ་འདུག་ལ། དེ་ནི་ཞང་པོས་ལག་ཏུ་ཤིང་གི་ཅ་ནེ་ཞིག་བཟུང་ནས་སྤེལ་བ་ཡིན།

ཞང་པོའི་སོག་བཤད་མཇུག་རྫོགས་པ་དང་སོག་རུས་དེ་མག་གསར་ལག་ཏུ་འཇོག ཆོ་ག་འདི་ནི་དེང་རབས་གཉེན་སྟོན་ཁྲོད་གཉེན་སྒྲིག་དཔང་ཡིག་སྟེར་བ་དང་འདྲ་སྟེ། བག་གསར་གྱིས་མག་གསར་དང་ལེན་བྱས་པ་མཚོན། མག་གསར་གྱིས་སོག་རུས་དེ་རང་ཁྱིམ་ཚང་གི་མཆོད་སྟེགས་སུ་བཞག་ནས་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་ལམ་འདེབས་པ་ཡིན། དེ་ནས་ཡང་བསྐྱར་གླུ་གར་ལ་རོལ་བ་ནི་རྒྱ་ནག་གི་ཆང་འདྲེན་པའི་གོམས་སྲོལ་དང་འདྲའོ།།

“ཆང་འདྲེན”ཞེས་པ་ནི་ཆང་སྟོན་ཏེ། འདི་ནི་དཔའ་རིས་གཉེན་སྟོན་ཁྲོད་ཁྱད་ཆོས་འབུར་དུ་ཐོན་པའི་ཆོ་ག་ཞིག་ཡིན་ལ། དེར“གངས་འདྲེན”དང“ཆང་འདྲེན”ཞེས་གོ་རིམ་གཉིས་ཡོད། མགྲོན་པོ་རྣམས་ཀྱི་མདུན་སར་གདན་དཀར་པོ་ཞིག་བཏིང་སྟེ། ཆང་སྣོད་ཁྱེར་འོང་བ་དང་རིམ་པ་བཞིན་ཞྭ་གླུ་དང་ལྷམ་གླུ། རྟ་གླུ། ལུག་གླུ། སྒ་གླུ་སོགས་ལེན་པ་འདི་ལ“གངས་འདྲེན”ཞེས་བྱ།“ཆང་འདྲེན”ནི་གསར་བུ་སྟོབས་ཆེན་འགས་སྒོའི་ཕྱི་རོལ་ནས་ཆང་རྫ་ཞིག་ཐེག་དཀའ་བའི་རྣམ་འགྱུར་དང་བཅས་ཁྱེར་འོང་བ་དང་། གཉེན་མི་རྣམས་ཀྱི་གདན་སྟེང་དུ་བཞག་སྟེ་འཐུང་བ་ཡིན། ཆང་རྫ་ཆེན་པོ་ཞིག་ཡིན་པ་ནི་སྐུ་མགྲོན་རྣམས་ལ་ཆང་མང་དུ་འཐུང་ཞེས་པ་སྟེ། སྐབས་འདིར་གཉེན་གྱི་བྱུང་བ་དང་། ཇ་ཆང་ལ་བསྟོད་པའི་གཏམ་བཤད་མང་དུ་སྤེལ་བ་ཡིན།

 “ཆང་གཞས”ཆོ་ག་ལ་རིགས་གཉིས་ཡོད་དེ། གཅིག་ནི་ཨ་ཁུའི་ཆང་གཞས་དང་ཅིག་ཤོས་ནི་བུ་མོའི་ཆང་གཞས་ཡིན། ཨ་ཁུའི་ཆང་གཞས་ཞེས་པ་ནི་ཨ་ཞང་དང་གཉེན་ཚང་བར་ལ་གླུ་བླངས་ནས་ཆང་འདྲེན་པ་སྟེ། འདིར་ཆང་གླུ་ཞེས་ཀྱང་བྱ། བུ་མོའི་ཆང་གཞས་ཞེས་པ་ནི་བུད་མེད་རྣམས་ཀྱིས་ཨ་ཞང་བཞི་ཙམ་ཁོ་མོ་ཚོའི་འགྲམ་དུ་འཁྲིད་ནས། གླུ་ལེན་པ་ལས་བྲོ་མི་འཁྲབ་པའི་རྣམ་པ་ཞིག་ཡིན། སྐབས་འདིར་ཁྱིམ་བདག་གིས“ཨ་ཞང་ཚོ་གདན་ལ་བཞུགས”ཞེས་བརྗོད་པ་དང་། ཁོ་ཚོའང་གང་མྱུར་གྱིས་རང་གནས་སུ་ལོག་པ་དང་། བུད་མེད་ཚོས་སྒོ་འགྲམ་དུ་བཀག་ནས་ལུས་སྟེང་ལ་ཆུ་གཏོར་བ་ཡིན། དེ་ནས་ཕན་ཚུན་ལ་ལེན་པའི་གླུའི་ནང་དོན་ལསྲིད་པ་ཆགས་གླུ་དང་ལུག་གླུ། ཁ་མཚར་སོགས་ཡོད་ཅིང་། ནམ་ལངས་རག་བར་དུ་གླུ་ལེན་པ་ཡིན།

ཕྱི་ཉིན་སྔ་མོར་གཉེན་ཚང་གིས་ཨ་ཞང་རྣམས་ལ་ཁ་བཏགས་འབུལ་ནས་ད་དུང་འདུག་པའི་རེ་བ་འདོན། སྔོན་ཆད་གཉེན་སྟོན་ལ་སྤྱིར་བཏང་དུ་ཉིན་གསུམ་ཙམ་ཡིན་ལ། ད་ལྟ་ཉིན་གཉིས་སུ་འགྱུར་ཡོད། ནངས་ཇ་ལ་རོལ་རྗེས་ཁྱིམ་བདག་གིས་ཨ་ཞང་ཚང་ལ་ཁ་བཏགས་འབུལ་ནས་བཀའ་དྲིན་ཞུ་བ་དང་། ཞང་པོར་རྒྱུགས་རྟ་ཞིག་དང་ཨ་ཁུར་གཡག་ཅིག ཨ་མར་འབྲི་མོ་གཅིག ཨ་ཕར་ཞོན་རྟ་ཞིག ཕུ་བོ་དང་ནུ་བོར་ཤ་གཟན་ཞིག བག་རོགས་ལ་ར་མ་ཞིག་བཅས་འབུལ་བ་ཡིན།

“ཀ་རྩ”བརྗོད་པའི་ཆོ་ག་སྟེ། མག་གསར་བག་གསར་གཉིས་གདན་དཀར་ཞིག་ལ་བསྡད་དེ་ལག་ཏུ་ཆང་དཀར་བཟུང་ནས་བཀྲ་ཤིས་སྨོན་འདུན་བརྗོད་པ་སྟེ། གཉེན་གྱི་བྱུང་བ་དང་ལོ་རྒྱུས། མ་འོང་སྨོན་འདུན་སོགས་བརྗོད་པ་ཡིན།

“མགྲོན་རྫོངས”ཏེ་ཁྱིམ་བདག་གིས་ཨ་ཞང་ལ་ལག་རྟགས་སྟེར་བ་ཡིན། མགྲོན་པོ་རྣམས་རིམ་པ་བཞིན་ས་ལ་བསྡད་པ་དང་། གཏམ་དཔེ་དང་བཅས་གཏམ་གྱི་སྦྱོར་བ་རྒྱ་ཆེར་སྤེལ་བཞིན་རེ་རེར་ལག་རྟགས་སྟེར་བ་དང་། གཞན་མགྲོན་པོ་རྣམས་ལ་ཤ་ཆང་གི་སྐལ་བགོ་བའང་ཡོད།

“ཀྲུང་རེ”སྟེ་བུ་མོ་བཅོལ་གདམས་བྱེད་པ། བུ་མོའི་ཞང་པོ་དང་ཡང་ན་ཨ་ཁུས་ལག་ཏུ་འབྲུ་རིགས་དང“ཀྲུང་ར”བླུག་པའི་སྣོད་ཅིག་བཟུང་ཡོད།“ཀྲུང་ར”ནི་སྒལ་རུས་དང་བཅས་རྩིབ་རུས་དྲུག་གིས་གྲུབ་པའི་ཤ་ཁོག་སྟོད་ཅིག་སྟེ། དེའི་སྟེང་དུ་བལ་གྱིས་དཀྲིས་ཡོད། ཐོག་མར་སྒྱུག་མོར་བཅོལ་གདམས་བྱ་བ་སྟེ། ལག་པའི་ཕྱི་ནང་ཤ་ཡིན། བྱ་རྒོད་པའི་གཤོག་པར་རིང་ཐུང་མེད། ལུས་ཀྱི་མཁལ་མར་ཆེ་ཆུང་མེད། ཅེས་སོགས་བརྗོད་ནས་སྒྱུག་མོས་རང་གི་བུ་མོ་བཞིན་དུ་མནའ་མ་གཉོར་སྐྱོར་བྱེད་དགོས་ཚུལ་གྱི་རེ་བ་ཞུ་བ་དང་། མཐར“ཀྲུང་རེ”དེ་སྒྱུག་མོའི་ལག་ཏུ་འཇོག་པ་ཡིན།

 “བག་ཇ”ལྡུག་པ། བག་གསར་གྱིས་མགྲོན་པོ་རྣམས་ལ་ཇ་ལྡུག་པ་སྟེ། མགྲོན་པོ་རྣམས་ཀྱིས་ཇ་འཐུང་ཚར་བ་དང་སྣོད་ནང་དུ་ལག་དངུལ་འཇོག་པ་ཡིན། དེ་ནས“བཀྲ་ཤིས་ཡག་ཇ”ལྡུག་པ་ནི་མགྲོན་པོ་རྣམས་ཕྱིར་རང་ཡུལ་དུ་འགྲོ་དུས་ཁྱིམ་བདག་གིས་རྟེན་འབྲེལ་རང་བཞིན་གྱིས་སྤེལ་བ་ཡིན། བཀྲ་ཤིས་འཇོག་པ་སྟེ། ཨ་ཞང་ཚང་གིས་རང་ཁྱིམ་གྱི་གཡང་སོགས་མི་ཁྱེར་བར་ཁྱིམ་ཚང་དེར་བཀྲ་ཤིས་པའི་སྨོན་འདུན་ཞུ་བ་དང་། འགྲོ་ཁར་རང་གི་འདུག་གནས་སུ་ཁ་བཏགས་ཤིག་བཞག་ནས་ལམ་ལ་ཆས་པ་ཡིན། ཨ་ཞང་རྣམས་ལ“སྒོ་ཆང”འདྲེན་པ་ནི་མགྲོན་པོ་རྣམས་རང་ཁྱིམ་ནས་སྒོར་འབུད་དུས་ཆང་འདྲེན་པ་སྟེ། སྐྱེས་པ་ཚང་གི་སྐྱེས་པ་ཐམས་ཅད་སྒོ་འགྲམ་དུ་འདུས་ནས་སྒོ་ཆང་འདྲེན་པ་ཡིན། བུད་མེད་ཚང་གི་མི་རྣམས་ཀྱིས་མགྲོན་པོའི་ལུས་སྟེང་ལ་ཆུ་གཏོར་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། རྟ་ཆང་འདྲེན་པ་སྟེ། མགྲོན་པོ་རྣམས་རྟ་ལ་ཞོན་ནས་ཕྱིར་བསྐོར་ཐེངས་གསུམ་ལ་བྱེད་ཅིང་། བཀའ་དྲིན་ཞུ་བ་རང་ཁྱིམ་ལ་ལོག་འགྲོ། དེ་ནས་སྟོན་མོའི“རྡུལ་སྤྲུག”བྱེད་པ་སྟེ། ཨ་ཞང་རྣམས་ཕྱིར་བསྐྱལ་བ་དང་ཁྱིམ་བདག་གིས་ཡང་བསྐྱར་སྟོན་པོ་བཤམས་ནས་རོགས་རམ་དུ་འོང་བའི་མི་རྣམས་ལ་བཀའ་དྲིན་ཞུས་རྗེས་གཉེན་སྟོན་དངོས་སུ་མཇུག་སྒྲིལ་བ་ཡིན།

དཔའ་རིས་གཉེན་སྟོན་ཁྲོད་བེད་སྤྱད་པའི་མར་དང་། སྒྲོན། ཆུ། ནོར་ཤ་དང་ལུག་ཤ་སོགས། འབྲེལ་ཡོད་ཀྱི་དམངས་གླུ་ལ་བག་ངུའི་གླུ་དང་སྟོན་གླུ། མགྲོན་བསུའི་གླུ། བསྟོད་གླུ། འགོག་གླུ། ཆང་གླུ་སོགས་མཆིས་སོ།།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号