གླུ་ཆང་གི་དགའ་སྤྲོའི་ཁྲོད་ཀྱི་གཉེན་སྟོན།

——མདོ་ལ་རྫོང་ཨ་རིག་ཡུལ་གྱི་མག་པ་བསུ་ཚུལ།

图片

འདིར་བརྗོད་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་ཨ་རིག་ས་ཁུལ་གྱི་མག་པ་བསུ་བའི་གཉེན་སྲོལ་སྐོར་ཡིན། ཨ་རིག་ཞང་གི་བོད་རིགས་རྣམས་ནི་ལོ་རྒྱུས་སྟེང་ཨ་མདོའི་ཚོ་དྲུག་ཅེས་པའི་ཨ་རིག་ཚོ་བར་གཏོགས་ཤིང་། 《མཚོ་བྱང་ཁུལ་གྱི་ལོ་རྒྱུས》ཞེས་པ་ལས་བཀོད་པ་ལྟར་ན། མདོ་ལ་རྫོང་གི་ཨ་རིག་ཚོ་བ་ནི1720ལོར་མགོ་ལོག་བོད་ཁུལ་ནས་གནས་འདིར་ཡོང་བ་ཡིན་ལ། ད་བར་དུ་ལོ་ངོ270ལྷག་གི་ལོ་རྒྱུས་ལྡན་པར་བཤད།

图片

图片

ཨ་རིག་ཚོ་བའི་བོད་རིགས་རྣམས་ཀྱིས་ཡུན་རིང་བའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་རང་གི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་རྒྱུན་འཛིན་བྱས་པ་དང་། དེའི་སྟེང་དུ་མདོ་ལ་རྫོང་ཁོངས་ཀྱི་ས་གནས་ཡུལ་སྲོལ་འདྲེས་ཤིང་དེང་རབས་ཤེས་རིག་གི་ལྷད་ཀྱང་ཞུགས་པས་ན། ཁོ་ཚོའི་གཉེན་སྲོལ་ནི་མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་རྨང་གཞིའི་སྟེང་གནའ་རབས་རིག་གནས་ཀྱི་ས་བོན་ཡང་འདུས་ལ་དེང་རབས་ཅན་གྱི་ཆའང་བསྡུས་པའི་སྒྱུ་རྩལ་རྣམ་པ་ཞིག་ཏུ་གྱུར་ཡོད། ཨ་རིག་ས་ཆའི་མག་པ་བསུ་ཚུལ་ནི་བུ་མོ་གནས་ལ་འགྲོ་བ་ལྟར་གཉེན་སྲོལ་སྤེལ་བ་ཡིན། མག་པ་ཚུར་བསུ་བ་དེར་ཡང་གཉེན་སློང་བ་དང་གཉེན་རྟགས་འགོད་པ། མག་པ་སྐྱེལ་བ། གཉེན་སྟོན་བྱེད་པ་སོགས་ཀྱི་འགྲོས་རིམ་ལྡན་ལ། དེའི་ཆོ་ག་སྣ་ཚོགས་ཀྱི་གོ་རིམ་ནི་བུ་མོ་གནས་ལ་འགྲོ་བ་ལས་ཀྱང་རྒྱ་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཡིན།

图片

图片

ཨ་རིག་ས་ཆར་མཚོན་ན། མག་པ་སློང་མཁན་ནི་རང་ཁྱིམ་གྱི་མི་མ་ཡིན་པར་བུ་མོའི་གཉེན་ཉེའམ་ཡང་ན་སྡེ་བའི་ནང་གི་མི་བསམ་ཤེས་ཤིག་ཡིན་དགོས། གལ་ཏེ་བུ་བུ་མོ་གཉིས་ཀྱི་འདོད་བློ་གཅིག་ལ་མཐུན་ཞིང་ཁྱིམ་ཚང་བར་གྱི་འབྲེལ་བའང་བཟང་ན་ཕྱོགས་གཉིས་ཀའི་ཁྱིམ་བདག་གིས་གྲོས་བསྡུར་བྱ་བ་ཡིན། གཉེན་གྱི་བར་བ་དེའང་བུ་མོ་ཚང་གི་ཁྱིམ་བདག་གིས་ཉིན་བཟང་སྐར་བཟང་ཞིག་བདམས་ནས་སྐྱེས་པ་ཚང་ལ་འགྲོ་ཞིང་། ལག་རྟགས་སུ་ཆང་དང་ཇ། ཁ་བཏགས་སོགས་འཛིན་ཞིང་རང་ཉིད་འོང་བའི་དམིགས་ཡུལ་སོགས་བཤད། གལ་ཏེ་སྐྱེས་པ་ཚང་འཐད་པ་ཡིན་ན་ལག་རྟགས་དེ་དག་ལེན་པ་དང་མ་འཐད་ཚེ་ལག་རྟགས་མི་ལེན། བོད་ཁུལ་གྱི་ས་ཆ་གཞན་དག་ལ་མཚོན་ན་ཁྱིམ་བདག་གཉིས་འཐད་པ་བྱུང་ཚེ། བླ་མ་སོགས་གདན་དྲངས་ནས་བུ་བུ་མོ་གཉིས་ཀྱི་ལོ་རིས་སྤར་ཁ་སོགས་མཐུན་མིན་དང་བཟའ་ཚང་འགྲིག་མིན་སོགས་ལ་མོ་འདེབས་པ་ཡིན། མོ་བཏབ་པ་བཀྲ་ཤིས་པ་བྱུང་ཚེ་གཏན་དུ་འཁེལ་བར་བྱེད་ལ། བཀྲ་མི་ཤིས་ཚེ་ཐབས་ལམ་གཉིས་ཡོད་དེ། གཅིག་ནི་མཚམས་བཞག་ནས་ཡང་བསྐྱར་གཉེན་ཡ་གཞན་དུ་འཚོལ་བ་དང་། ཅིག་ཤོས་ནི་བཅའ་བ་རིམ་གྲོའི་ཆོ་ག་སྒྲུབ་པ་ཡིན།

图片

གཉེན་བསླངས་ནས་ཕན་ཚུན་འཐད་པ་བྱུང་ཚེ་ཕྱོགས་གཉིས་ཀས་ཉིན་བཟང་སྐར་བཟང་ཞིག་ལ་གཉེན་རྟགས་འགོད་པར་གྲོས་བྱེད་པ་ཡིན། ཉིན་དེར་བུ་མོ་ཚང་གིས་ནས་ཆང་འཁྱེར་འོང་ནས་སྐྱེས་པའི་ཕ་མ་གཉེན་ཉེ་ཀུན་དང་ལྷན་དུ་ཉེ་ཆང་འཐུང་བ་དང་། སྐྱེས་པའི་ཕ་མ་དང་རྒན་རབས་པ་རྣམས་ལག་རྟགས་སྟེར་བར་བྱེད། ལག་རྟགས་ཀྱི་མང་ཉུང་དང་ཆེ་ཆུང་སོགས་ནི་བུ་མོའི་ཁྱིམ་ཚང་གི་འབྱོར་བ་ལྟར་བྱ་ལ། ཆེ་ན་གྱོན་པ་དང་རྒྱན་གོས་སྟེར་བ་དང་ཆུང་ན་ཁ་བཏགས་ཤིག་འབུལ་ཡང་རུང་། འོན་ཀྱང་ཁྱིམ་ཚང་གི་འབྱོར་བ་བཟང་མིན་གང་ཡིན་ཡང་མེད་དུ་མི་རུང་བའི་ལེགས་སྐྱེས་ཤིག་ནི་ཨ་མར་འབུལ་བའི་ནུ་རིན་ཡིན་ཏེ། ཨ་མས་ཆུང་དུས་ནས་འོ་མས་བསྐྱངས་པའི་དྲིན་ལན་འཇལ་བ་ཡིན། གཉེན་རྟགས་བཀོད་རྗེས་ད་ནི་གཉེན་སྒྲིག་གི་སྟོན་མོའི་ཆོ་གར་གྲ་སྒྲིག་བྱ་བ་ཡིན་ནོ།།

图片

 གཉེན་སྒྲིག་གི་ཉིན་མོ་ནི་ཕྱོགས་གཉིས་ཀས་གྲོས་བྱེད་པ་དང་ཡང་ན་བླ་མར་ཞུས་ནས་མོ་བཏབ་སྟེ་གཏན་ཁེལ་བྱ་བ་ཡིན། གཉེན་སྒྲིག་གི་ཉིན་མོར་སླེབས་ལ་ཉེ་དུས་གཉེན་མི་དང་གྲོགས་པོ་སོགས་རྟེན་འབྲེལ་ཞུ་བར་འོང་ལ། ལག་རྟགས་སུ་མང་ན་གསེར་དངུལ་གཡུ་བྱུར་དང་རྟ་ནོར་ལུག་གསུམ། ཉུང་ན་དར་གོས་དང་གྱོན་པ་སོགས་འཁྱེར་འོང་། ཕ་མ་གཉིས་ཀྱིས་ཀྱང་དེའི་མག་སྐལ་ལ་རང་ཁྱིམ་གྱི་ཆ་རྐྱེན་ལྟར་རྫོངས་པ་སྟེར་བ་སྟེ། ཆ་རྐྱེན་བཟང་ན་ལུག་བརྒྱ་ཕྲག་ལྷག་དང་ནོར་ནག་བཅུ་ཕྲག་ཁ་ཤས། རྟ་རེ་སྟེར་བ་དང་། དེའི་སྟེང་དུ་གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་འཁྱེར་འོང་བའི་ལག་རྟགས་རྣམས་བསྣན་ཚེ་དམངས་སྒོར་འབུམ་གཅིག་གི་ཡན་ལ་སླེབས་ངེས། ཨ་རིག་ས་ཆར་མཚོན་ན། བུ་མོ་གནས་ལ་འགྲོ་བ་དང་ཡང་ན་སྐྱེས་པ་མག་པར་འགྲོ་བ་གང་ཡིན་ཡང་། སྤྱིར་བཏང་དུ་བུད་མེད་ཚང་གིས་ཚེས་ཟུང་ལ་སྟོན་མོ་བྱེད་པ་དང་སྐྱེས་པ་ཚང་གིས་ཚེས་ཡ་ལ་སྟེ་ཟླ་དང་པོའི་ཚེས་ལྔ་དང་བཅུ་གཅིག བཅུ་གསུམ། བཅོ་ལྔ། བཅུ་བདུན། ཉེར་གཅིག་སོགས་དང་ཡང་ན་ཟླ་གཉིས་པའི་ཚེས་ལྔ་དང་བཅུ་གཅིག བཅུ་གསུམ། བཅོ་ལྔ། བཅུ་བདུན། ཉེར་གཅིག་སོགས་ལ་སྟོན་མོ་བྱེད། ཚེས་ཉེར་གཅིག་ཕར་འདས་རྗེས་ཟླ་རྗེས་མར་བསྣུར་བ་ཡིན། ཚེས་པ་ཟུང་ཡིན་ན་ཚེས་བརྒྱད་དང་བཅུ་གཉིས། ཉེར་གཉིས་སོགས་ལ་བྱ། མག་པར་སྐྱེལ་མཁན་གྱི་མི་གྲངས་ཀྱང་ཡ་ལ་འཁེལ་དགོས་ཏེ། མི་སྣ་བཅུ་གསུམ་ནི་ད་གཟོད་བཀྲ་ཤིས་པར་བགྲང་། གཉེན་བསུ་མཁན་གྱི་མི་གྲངས་ཀྱང་ཡ་ལ་འཁེལ་དགོས་ཏེ། འདི་ནི་ཨ་རིག་ས་ཁུལ་གྱི་གཉེན་སྲོལ་ཏེ་ཡ་ལ་འགྲོ་བ་དང་ཆ་ལ་འོང་བའི་ཡུལ་སྲོལ་ཞིག་གོ།

图片

 གཉེན་སྒྲིག་པའི་ཉིན་མོ་དེར་ཨ་ཞང་རྣམས་ཀྱིས་ནོར་ལུག་དེད་ནས་མོ་བཏབ་པའི་དུས་ཚོད་ལྟར་ལམ་ལ་ཆས་པ་ཡིན།(ཁྱིམ་ཚང་ལ་མག་པ་ལེན་པ་ནི་བུ་མོ་ཚང་ལ་སྐྱེས་པ་མེད་པ་དང་ཡང་ན་སྐྱེས་པ་གཉེན་བསྒྲིགས་ནས་རང་ཁྱིམ་སྐྱོང་བས་ན། བུ་མོར་མག་པ་བསུ་ནས་ཁྱིམ་ཚང་གི་འགན་ལེན་པ་ཡིན་ལ། བུ་མོ་ཚང་གིས་ཀྱང་ཁྱིམ་གྱི་དབང་ཆ་ཐམས་ཅད་མག་པའི་ལག་ཏུ་གཏོད་པ་ཡིན། དེ་བས་ཨ་རིག་ས་ཆའི་མག་པ་ལེན་པ་ནི་བུ་མོ་མནའ་མར་ལེན་པ་ལྟར་རྒྱུན་ལྡན་ཞིག་ཏུ་བགྲང་བ་ལས་དམའ་འབེབས་སོགས་ཀྱི་བསམ་བློ་གང་ཡང་མེད་དོ)ལམ་བར་དུ་མག་གསར་དཀྱིལ་ལ་བླངས་ནས་གླུ་ལེན་ཞོར་བསྐྱོད་པ་དང་། དེ་ནས་མག་པ་བསུ་མཁན་དག་དང་འཕྲད་པ་ན་ཕན་ཚུན་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུས་ཤིང་། ལོ་ན་རྒན་པ་ཞིག་མདུན་དུ་སོང་ནས་གཉེན་ཚང་གིས་འབུལ་བའི་ཆང་དང་ཕྱེ་མར་ལག་ཏུ་བླངས་པ་དང་ཁ་ནས་བཀྲ་ཤིས་པའི་སྨོན་ལམ་གསུང་ཞོར་མཆོད་ཁ་འཕེན། སྐབས་འདིར་བསུ་མཁན་རྣམས་གཡོན་ཕྱོགས་ནས་བུད་དེ་ཨ་ཞང་ཚང་ལ་སྐོར་བ་ལན་གཅིག་བྱས་པ་དང་མྱུར་དུ་བསུ་མི་ཚོགས་པ་གཉིས་པའི་གྲས་སུ་ཞུགས་ཤིང་། དེ་ནས་ཁོ་ཚོ་དང་མཉམ་དུ་ཡང་བསྐྱར་ཆང་འདྲེན་པར་འོང་། དེ་ལྟར་ལམ་ཆང་ཐེངས་གསུམ་ལ་དྲངས་རྗེས་ཕྱིར་སོང་ནས་རང་ཁྱིམ་གྱི་སྒོ་ཁ་ནས་སྒུག་འདུག

图片

ཨ་ཞང་རྣམས་ཁྱིམ་སྒོ་རུ་སླེབས་པ་དང་གླུ་བ་གཉིས་ཀྱིས་སྒོ་གླུ་ལེན་ཞིང་ཕན་ཚུན་ལ་བཀྲ་ཤིས་པའི་འཚམས་འདྲི་ཞུས་པ་ཡིན། མག་གསར་གྱི་ཞོན་རྟ་དལ་གྱིས་འོང་བ་དང་མག་རོགས་ཀྱི་རམ་འདེགས་འོག་འབབ་རྟེན་སྟེང་འབབ་པ་དང་། མག་རོགས་ཀྱིས་གཡུང་དྲུང་གི་རི་མོར་བྲིས་པའི་འབྲས་རྡོག་རྣམས་ནམ་མཁར་མཆོད་ལ། འབབ་རྟེན་སྟེང་གི་དར་གོས་དེ་བླངས་ནས་རུམ་ནང་དུ་བཅུག་རྗེས་ཚང་མ་དང་མཉམ་དུ་ཁང་ནང་དུ་འཛུལ་བ་ཡིན།

图片

图片

图片

 ཨ་ཞང་དང་གཉེན་ཚང་ཐམས་ཅད་སྦྲ་ནང་དུ་འོང་བ་དང་ལོ་ནའི་ཆེ་ཆུང་ལྟར་གདན་ལ་འདུག མག་གསར་གྱི་འདུག་གནས་ནི་ཁང་བའི་དཀྱིལ་སྙིང་དུ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་སྟེང་དུ་འབྲས་རྡོག་གིས་གྲུབ་པའི་གཡུང་དྲུང་རི་མོ་ཞིག་ཡོད། དེ་ནས་ཨ་རིག་ས་ཆའི་གོམས་སྲོལ་ལྟར་གྲོ་མ་འཕང་ཡོད་པའི་ཞོ་དཀར་ཡོལ་གང་འཐུང་། དེ་ནས་ཨ་ཞང་རྣམས་སྒོར་བུད་དེ་རང་ཁྱིམ་ནས་འཁྱེར་འོང་བའི་མག་སྐལ་རྣམས་མ་ལུས་པར་བྱིན་ཡོད་མེད་དང་། མག་པའི་ཕ་མ་གཉིས་ཀྱི་བཅོལ་གདམས་སོགས་ལ་གྲོས་བྱེད། སྐབས་འདི་དང་བསྟུན་ནས་གཉེན་ཚང་ཐམས་ཅད་ཀྱིས་ཁང་བའི་ནང་ཡང་བསྐྱར་གཙང་སྦྲ་ལེགས་པོ་ཞིག་བྱེད་ལ། ནོར་ལུག་གི་ཤ་སྡེར་བཞག་ནས་ཨ་ཞང་རྣམས་ཡང་བསྐྱར་ནང་དུ་བསུ། དེ་ནས་བུ་མོའི་ཞང་པོས་མག་གསར་ལ་མག་ལྭ་གོན་པ་སྟེ། ཁ་ནས་མག་བཅིང་དང་ཆང་བཤད་སོགས་ཀྱི་ཁ་གཡང་སྒྲོག་བཞིན་མག་གསར་ལ་མག་ལྭ་གྱོན། མག་གསར་བག་གསར་གཉིས་ཀྱིས་ཐབ་ལ་མེ་དང་པོ་བཞག་པ་དང་བསྟུན་ནས་སྐུ་མགྲོན་རྣམས་ལ་བག་ཇ་དྲངས་པར་བྱེད། བག་གསར་གྱིས་ཇ་གསར་པ་དཀར་ཡོལ་གང་མག་གསར་ལ་བྱིན་པ་དང་དེས་ནམ་མཁར་མཆོད་ལ། ཚང་མས་བཀྲ་ཤིས་པའི་ཁ་གཡང་དང་བཅས་འོ་ཇ་ལ་རོལ། དེ་ནས་ཕྱོགས་གཉིས་ཀའི་ཕ་མ་དང་རྒན་པ(མག་པའི་ཕ་མ་གཉིས་ཨ་ཞང་དུ་མི་འགྲོ)རྣམས་ལ་ཇ་འདྲེན་པ་སྟེ། མག་པ་ཉིད་རང་ཁྱིམ་ཚང་གི་ཡུལ་ལྷ་གཞི་བདག་གིས་དང་ལེན་བྱས་པ་དང་ད་ནས་བཟུང་དབང་ཆ་ངེས་ཅན་ལྡན་པ་མཚོན། དེ་ནས་མག་པའི་ཞང་པོ་ཡར་ལངས་ནས་བུ་མོ་ཚང་གི་ཕ་མ་རྒན་རབས་རྣམས་ལ་ཁ་བཏགས་དང་ལག་རྟགས་སོགས་འབུལ་ལ། སྦྲ་ནག་གམ་ཁང་བའི་དཀྱིལ་ཚད་དུ་འབྲས་རྡོག་གིས་གཡུང་དྲུང་རི་མོ་ཞིག་འབྲི་བ་དང་། མག་སྐལ་དུ་བྱིན་པའི་གྱོན་ཆས་དང་དར་གོས། ནོར་ལུག་སོགས་ཇི་ལྟར་ཡོད་ཚུལ་དམངས་ཁྲོད་ཀྱི་བཤད་པ་དང་གཏམ་དཔེ་མང་པོར་སྦྱར་ནས་གསུངས་ལ། དེ་དང་བསྟུན་ནས་མག་པ་བཅོལ་གདམས་ཀྱི་བཤད་པ་ཡང་མང་དུ་བརྗོད། སྐབས་དེར་བུ་མོ་ཚང་གིས་ཀྱང་ཕྱིར་ཁ་བཏགས་འབུལ་ནས་བཀའ་དྲིན་ཞུ་བ་དང་། ལམ་ཐག་ལ་མ་འཛེམ་པར་མག་པ་སྐྱེལ་འོང་བ་དང་ལྷག་ཏུ་ཁོའི་ཕ་མ་རྒན་གཞོན་ཀུན་ལ་བཀའ་དྲིན་ཞུ་བ་དང་བཀྲ་ཤིས་པའི་ཁ་གཡང་མང་དུ་འབོད་ལ། ཨ་ཞང་ཚང་གི་རེ་བ་ལྟར་དུ་བསྒྲུབ་པའི་ཁས་ལེན་སོགས་ཞུ་བ་ཡིན།

图片

图片

 དེ་ནས་དགའ་སྟོན་གྱི་མགོ་དངོས་སུ་བརྩམས་པ་དང་ཕན་ཚུན་ལ་གླུ་ལེན་པ་སྟེ། ཨ་རིག་ས་ཆའི་གཉེན་སྟོན་ལ་ལྡན་པའི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི་གླུ་ཤགས་ལེན་པ་དེ་ཡིན། དེ་ནི་ནང་དོན་ཕུན་སུམ་ཚོགས་ལ་ཚིག་ལ་དགོད་ཁ་བྲོ་བ། ཕོ་མོ་ཕྱོགས་གཉིས་ཀས་ཕན་ཚུན་ལ་ལེན་པ་སྟེ། དེ་ལྟར་ཕན་ཚུན་ལ་གླུ་བླངས་ནས་ཉིན་དེའི་ཕྱི་དྲོར་སླེབས་པ་ན་ཨ་ཞང་རྣམས་ཕྱིར་ལོག་པ་ཡིན། སྐབས་དེར་གཉེན་ཚང་གིས་དར་གོས་དང་ཁ་བཏགས། ཇ་སོགས་ཀྱི་ལེགས་སྐྱེས་སྟེར་ཞིང་ལམ་ཆང་སོགས་ཀྱི་རྫོངས་པ་བྱེད། ཕྱིར་ལོག་པའི་ལམ་ཁར་ཨ་ཞང་རྣམས་ཀྱིས་མུ་མཐུད་ནས་གླུ་ལེན་ཞོར་འགྲོ་ལ། མག་རོགས་དང་གླུ་བ་གཞན་དག་ཤུལ་དུ་བསྡད་ནས་ཕྱི་ཉིན་ནམ་གསལ་རག་བར་དུ་གླུ་གར་ལ་རོལ་བ་ཡིན།

图片

 ཉིན་གཉིས་པའི་ནངས་མོར་མག་གསར་བག་གསར་དང་བར་བ་རྣམས་ཕྱིར་སྐྱེས་པའི་ཡུལ་ལ་འགྲོ། སྔོན་ཆད་ཀྱི་གོམས་སྲོལ་ལྟར་ན། མག་གསར་ནི་ཉིན་དེར་ཨ་ཞང་ཚོ་དང་མཉམ་དུ་རང་ཡུལ་དུ་ལོག་འགྲོ་ལ། བག་གསར་ནི་ཉིན་གཉིས་པར་མག་གསར་ཚང་ལ་འགྲོ་ཞིང་། སྐབས་དེར་མག་གསར་ཚང་གིས་ཀྱང་སྟོན་མོ་བཤམས་ནས་བག་གསར་ལ་བསུ་བ་བྱེད། བག་གསར་དེ་སྐྱེས་པའི་ཁྱིམ་དུ་ཉིན་དུ་ལ་འདུག་དགོས་པར་ངེས་གཏན་གྱི་དུས་ཚོད་ཐག་བཅད་ཅིག་མེད་དེ། ཉིན་ཁ་ཤས་རྗེས་སུ་མག་གསར་དང་མཉམ་དུ་རང་ཡུལ་དུ་ལོག་ནས་འཚོ་བ་གསར་བར་ཞུགས་ཤིང་། རང་གི་རྩོལ་བ་དང་ཤེས་རབ་ལ་བརྟེན་ནས་མི་ཚེའི་བཤུལ་ལམ་རིང་མོ་འགྲིམ་པ་ཡིན།

图片

 མདོ་ལ་ཨ་རིག་ས་ཆའི་མག་པ་བསུ་བའི་གཉེན་སྲོལ་དེ་ཡང་སྤྱི་ཚོགས་རིག་གནས་ལ་འཕེལ་རྒྱས་བྱུང་བ་དང་ལྷག་ཏུ་མི་རིགས་མང་པོ་མཉམ་སྡོད་བྱུང་བ་སོགས་ཀྱི་ཤུགས་རྐྱེན་ལས་སྔར་ཡོད་ཀྱི་འཚོ་གནས་ཁོར་ཡུག་རིམ་གྱིས་ཉམས་རྒུད་དུ་སོང་བ་དང་། གནའ་དུས་ཀྱི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་སྟབས་བདེ་ཅན་དུ་གྱུར་ལ། གནའ་རབས་ནས་བརྒྱུད་འོང་བའི་རིག་གནས་སྒྱུ་རྩལ་འདི་ཉིད་རྩ་མེད་དུ་འགྲོ་བའི་ཉེན་ཁར་འཕྲད་ཡོད་དོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号