མདའ་བཞི་ས་ཆའི་སྲུང་ཁ་གསོ་ཚུལ་ངོ་སྤྲོད་རགས་བསྡུས།

མིའི་རིགས་ཀྱི་འཕེལ་འགྱུར་གྱི་ལོ་རྒྱུས་རིང་མོའི་ཁྲོད་གནའ་སྔ་མོའི་དུས་ནས་བཟུང་རང་བྱུང་ཁམས་ཆེན་མོ་དང་འཐབ་རྩོད་བཟུང་ནས་ཡོང་ཕྱིར་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་འཇིགས་པ་ལས་བགྲོད་ཆེད་ས་དང་ཆུ་སོ་སོར་ལྷ་གནས་བར་འདོད་ཅིང་ལྷ་དེ་དག་ཀྱང་རང་གི་གྲོགས་སུ་འགུག་ཅི་ཐབས་སམ་དེ་དག་ལ་སྐྱབས་བཅོལ་བའི་གོ་རིམ་ཁྲོད་གཞི་བདག་དང་གནས་བདག་སོགས་ཀྱང་རིམ་བཞིན་སྣང་ངོས་སུ་གྲུབ་པའི་ལོ་རྒྱུས་དང་ཆོ་ག་ད་ལྟ་ད་རུང་མ་ཉམས་པར་ཡོད།

图片

   སྤྱིར་ས་ཆ་རེ་རེའི་རི་ཆུའི་བཀོད་པ་དང་ས་བབས་མི་གཅིག་པའི་དབང་གིས་དཔེ་དང་ཆ་ལུགས་ཀྱང་མི་གཅིག་པ་མང་མོད།ཐེངས་འདིར་ང་ཚོའི་མདའ་བཞི་ས་ཆའི་སྲུང་ཁ་གསོ་ཚུལ་ལ་རྒྱུས་ལོན་ཅུང་ཙམ་བྱ།

སྲུང་ཁ་གསོ་བ་ཞེས་པ་ནི་གནས་བདག་གཞི་བདག་སོགས་སྲུང་མ་དེ་དག་གི་ཐུགས་དགྱེས་པའི་ཆེད་དུའམ་དེ་དག་འཁོར་སའི་རྟེན་ཏེ་རྟ་ནོར་ལུག་གསུམ་དང་ཁྱི་སོགས་སྲུང་མ༼སྨོན་ལམ་ཚིག་མཛོད་ཆེན་མོ་ལས།སྲུང་མ་ནི་དགོན་པའམ་ཁྱིམ་ཚང་དང་མི་སྒེར་གྱི་ཆེད་གཉེར་བསྟེན་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་སྲུང་། དེ་ལ་མཐར་ཐུག་གི་དམིགས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བཟང་ལ་བགྲོད་པའི་སྡོང་གྲོགས་བྱེད་པའི་ཡེ་ཤེས་ཀྱི་སྲུང་མ་དང་། གནས་སྐབས་ཀྱི་དམིགས་པ་འཇིག་རྟེན་པའི་ཚོང་ཁེ་སྤོགས་སོགས་འདུ་འཛིའི་ལས་ལ་ལེགས་ཉེས་ཀྱི་བླང་དོར་སྟོན་ཅིང་། ཡིད་ལ་ཇི་ལྟར་བསམ་པའི་འདོད་དོན་བསྒྲུབ་པ་ལ་གྲོགས་དན་བྱེད་པའི་འཇིག་རྟེན་པའི་སྲུང་མ་གཉིས་མཆིས།༽དེ་དག་གི་ངེས་བཏགས་ལྟ་བུ་བྱས་ནས་སྲུང་རྟགས་འདོགས་པ་ལ་ཟེར།

འདི་ལ་མགོན་རྟ་ཞེས་རྟ་ནག་ནག་སུམ་དཀར་ཞིག༼འདིར་བཤད་པའི་རྟ་ནོར་ལུག་སོགས་ཀྱི་སྤུ་མདོག་ལ་ཚད་ལྡན་གྱི་གཏན་འཁེལ་མེད་པར་ཁྱིམ་ཚང་རང་རང་གི་འདོད་པ་ལྟར་བདམས་ཆོག་མོད་ཕལ་ཆེར་འདི་འདྲ་ཡིན་པ་རེད།༽དང་མགོན་ཁྱི་ཞེས་ཁྱི་དིང་ལ་ཞིག མགོན་ལུག་ཅེས་ལུག་ནག་ཁྲའམ་གྱོ་ཁྲ་ཞིག་ལ་མགོན་པོ་འཁོར་སའི་སྲུང་རྟགས་འཐེན་པའི་སྲོལ་ཡོད་ལ།དེ་ནས་ལྷ་འབྲི་མ་ཞེས་འབྲི་སེར་སེར་རམ་དཀར་དཀར་ཞིག་ལྷ་མོ་ལ་འཐེན་པ་དང་། ར་མ་དཀར་དཀར་དང་ཁྲ་ཁྲ། སེར་སེར་སོགས་དམ་ཆེན་དང་ཡུལ་ལྷ་ལ་འཐེན་པ་རེད།དེ་མིན་གཞན་ད་དུང་རྟ་ནོར་ལུག་གསུམ་ས་དེའི་ས་བདག་གནས་བདག་སོགས་ལ་འཐེན་པའང་ཡོད་སྟེ་དཔེར་ན།མཚོ་ལུག་ལ་མ་མོ་སྔོ་གཞིས་ཞིག་འཐེན་སྲོད་ཡོད་ལ།ཨ་མྱེས་ཡག་རི་ལ་གཡག་ཞིག་འཐེན་པ་དང་ཨ་མྱེས་ཞལ་དཀར་ལ་འབྲི་ཞིག་འཐེན་པ་སོགས་ཡོད་དོ།

སྲུང་ཁ་གསོ་དུས་སྲུང་ཁ་གསོ་བྱེད་གཙོ་བོ་སྲུང་རྟགས་ཡིན་ཞིང་སྲུང་རྟགས་ནི་བལ་སྐུད་དཀར་དཀར་གཡས་འཁེལ་བྱས་པ་ཞིག་ལ་ལང་དམར་བོ་ཁ་གང་མ་ལོན་པ་ཞིག་གིས་མདུད་པ་བརྒྱབ་ནས་གྲུབ་པ༼མགོན་རྟའི་སྲུང་རྟགས་ནི་ཅུང་དམིགས་བསལ་ཅན་ཞིག་སྟེ་ལང་དར་ཚོན་སྣ་ལྔའི་ནང་དུ་བལ་སྐུད་འདོགས་དགོས།༽ཞིག་ཡིན་ལ་སྲུང་ཁ་གསོ་སྐབས་བསང་ཕུད་ནས་སྲུང་རྟགས་ཚང་མ་བསང་མགོར་ཕུད་དགོས་ལ་དེ་ནས་ཆུ་དཀར་ནག་གཉིས་དང་ཤུག་པ།མར་སོགས་གྲ་སྒྲིག་བྱས་ནས་སྲུང་ཁ་གསོ་བའི་སྟ་གོན་དངོས་ཞུགས་དགོས།ཐོག་མར་མགོན་རྟ་ལ་སྲུང་ཁ་གསོ་དགོས་པ་དང་མགོན་རྟ་ཁྲིད་ནས་བསང་ཁྲི་ལ་གཡས་སྐོར་ལན་གསུམ་བརྒྱབ་རྗེས།ཤུག་པ་བདུག་དགོས།དེ་ནས་ཆུ་ནག་པོ་མགོ་ནས་མཇུག་ལ་གཏོར་དགོས།འདིས་སྟེང་གི་མི་གཙང་བ་བཀྲུ་བའམ་ནག་ཕྱོགས་མགོ་རྟིང་སློག་པའི་དོན་མཚོན་པ་ཡིན་ཟེར་སྲོལ་ཡོད།དེ་ནས་ཆུ་དཀར་པོ་མཇུག་ནས་མགོ་ལ་གཏོར་དགོས།འདིས་དཀར་ཕྱོགས་བསྟན་པ་ཡར་ལ་དར་བའི་རྟེན་འབྲེལ་མཚོན་པ་ཡིན།

དེའི་རྗེས་མགོན་རྟའི་ཁ་དང་སྣ། རྣ་རྩེ། རྔོག་མ་སོགས་ལ་མར་བསྐུས་ནས་སྲུང་རྟགས་འདོགས་པ་དང་སྲུང་རྟགས་ནང་དུའང་མར་བསྐུ་དགོས།

མགོན་ལུག་དང་མགོན་གཡག་སོགས་སྲུང་རྟགས་ཅན་གཞན་དག་ལ་སྲུང་ཁ་གསོ་ཚུལ་ཡང་མགོན་རྟ་དང་གཅིག་པ་ཡིན་པས་གཅིག་གཅིག་གཉིས་གཉིས་བྱས་ནས་བཤད་པའི་དགོས་པ་མ་མཆིས་སོ།

འདིར་ཅུང་ཙམ་གསལ་བཤད་བྱེད་དགོས་པ་ཞིག་ལ་སྲུང་རྟགས་འདོགས་པ་དང་ཚེ་ཐར་དུ་གཏོང་བ་གཉིས་མི་འདྲ་བ་ཡིན། སྲུང་ཁ་གསོ་བ་ནི་ལོ་རེའི་ལོ་སར་གྱི་ཚེས་གཉིས་སམ་གསུམ།དྲུག བཅོ་ལྔ་སོགས་གང་རུང་ཞིག་ལ་ལོ་རེར་ཐེངས་གཅིག་རེར་ངེས་པར་དུ་སྲུང་ཁ་བསྐྱར་གསོ་བྱེད་དགོས་པ་དང་ཚེ་ཐར་དུ་གཏོང་བ་ནི་མི་དང་ཁྱིམ་གྱི་ནད་གདོན་བར་ཆད་འགོག་པའི་ཆེད་དུ་ཉི་མ་སུམ་བརྒྱ་དྲུག་ཅུའི་གང་རུང་ཞིག་ལ་སྲུང་འདོགས་ཆོག ཚེ་ཐར་གཏོང་དུས་སུ་བཙོང་ནས་རིན་མི་ལེན་དང་བཤས་ནས་ཤ་མི་ཟ་སོགས་ཀྱི་ཁས་ལེན་དམ་བཅའ་བྱས་ནས་ཚེ་ཐར་དེ་མ་ཤི་བར་དུ་བཤའ་བ་དང་བཙོང་བ་བྱེད་མི་ཆོག་པ་མ་ཟད་སྲུང་གཞན་ལ་བརྗེའང་མི་ཆོག་ལ་ཚེ་ཐར་དེ་ཤི་རྗེས་དེའི་ཚབ་ཏུ་ཚེ་ཐར་གཞན་ཞིག་གཏོང་བའི་དགོས་པའང་མེད། སྲུང་ཁ་གསོ་བ་ནི་ཕན་ཚུན་སྲུང་བརྗེ་རེས་བྱེད་ཆོག་པ་དང་སྲུང་རྟགས་ཅན་དེ་ཤི་སོང་བ་ཡིན་ན་དེའི་ཚབ་ཏུ་ངེས་པར་དུ་གཞན་ཞིག་ལ་སྲུང་རྟགས་འདོགས་དགོས།

རྩོམ་སྒྲིག་པའི་གཏམ། སྤྱིར་མདའ་བཞི་ནི་དམངས་སྲོལ་གྱི་རྔམ་མཐུག་ཅིང་བོད་ཀྱི་རིག་གནས་ཀྱི་རྫོང་ཡོད་སའི་འབྲོག་སྡེ་ཆེན་པོ་ཞིག་ཡིན་མོད། དུས་ཀྱི་འཕོ་འགྱུར་གྱི་ཁྲོད་ནས་རིམ་གྱིས་འོད་དུ་འཚེར་བའི་རིག་གནས་འདི་དག་ཉམས་དམས་སུ་འགྲོ་བཞིན་ཡོད་པས་འདི་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་ནི་རྒན་དར་གཞོན་གསུམ་ཚང་མའི་འོས་འགན་ཡིན་ཞིང་ལྷག་པར་དུ་རྒན་པ་བསམ་ཤེས་རྣམས་ཀྱིས་ཁོ་བོའི་རྩོམ་ཐུང་འདིའི་ནང་མ་ཤེས་པའི་ཆ་དང་མ་ཤོད་པའི་གནས་ལ་ལམ་སྟོན་དང་མཛུབ་ཁྲིད་ཡོད་པའི་རེ་བ་སྙིང་ནས་ཞུ།།

ཕག་མོ་ཚེ་བརྟན་གྱིས་བྲིས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号