མཚོ་སྔོན་པོ་རྐང་ཚའི་བྱིས་པ་དང་དར་མའི་གླུ་དང་གཏམ་དཔེ། ཁེད་གསུམ་གྱི་ཕྱོགས་མདོ་ཙམ་བརྗོད་པ།
རྐང་ཚའི་མགོན་པོ་དོན་འགྲུབ་ནས།
མཚོ་འཁོར་སྡེ་བརྒྱད་ཀྱི་ཡ་གྱལ་མཚོ་སྔོན་པོ་རྐང་ཚའི་ཡུལ་སྲོལ་ལྟར་ན། གླུ་དང་གཏམ་དཔེ། ཁེད་གསུམ་དར་ཁྱབ་ཧ་ཅང་ཆེ་ལ། ནང་དོན་ཕུན་སུམ་ཚོགས་པ་ནི་བོད་མི་སྤྱིའི་ཁྱད་ཆོས་དང་འདྲ་འདྲ་ཡིན་མོད། མཚོ་སྔོན་པོ་རྐང་ཚའི་འབྲོག་སྡེ་འདི་ལ་མཚོན་ན་གླུ་དང་གཏམ་དཔེ་ཁེད་གསུམ་གྱི་ཕྱོགས་ནས་བྱིས་པ་དང་དར་མ་ཁ་ཁ་བྱས་ནས་ལེན་ཕྱོགས་དང་བཤད་ཕྱོགས་ཤིག་ཡོད་ལ། ང་ཚོའི་རྒན་པོ་རྣམས་ནས་ཕྱོགས་མི་འདྲ་བ་འདི་ཧ་ཅང་གཙོ་བོར་འཛིན་པར་མ་ཟད་དར་མས་བྱིས་པའི་གླུ་དང་གཏམ་དཔེ་ཁེད་གསུམ་ལ་རོལ་ན་འཕྱ་སྨོད་བྱེད་པ་ཞིག་རེད། འདིའི་ཕྱོགས་ལ་བསམ་བློ་ཞིག་བཏང་ན་ཁོ་ཚོས་བགར་གནང་མཛད་པའི་ཚད་འཛིན་ཕྱོགས་དེ་ནི་ནང་དོན་མེད་པ་ཞིག་གཏན་ནས་མ་རེད་འདོད། གཤམ་དུ་གླུ་དང་གཏམ་དཔེ། ཁེད་བཅས་ཕྱོགས་གསུམ་གྱི་རྣམ་པས་ངོས་གཉིས་ནས་གླེང་བར་བྱའོ། །
དང་པོ། གླུ་ཡི་ཐད་ནས།
བློ་དམན་བདག་གིས་དཔྱད་པ་ཡིན་ན་བྱིས་པ་དང་དར་མའི་ལེན་ཕྱོགས་དང་བཤད་ཕྱོགས་ཀྱི་ཚད་གཞི་ཞིག་ཡོད་པ་འདྲ་སྟེ། ཕྱོགས་གཅིག་ནས་གླུ་ཚིག་གི་ནང་དོན་དེ་ལེན་མཁན་རང་གི་ལོ་ཚད་དང་མཐུན་པའི་འཚོ་བའི་འབྲེལ་གཞི་གཙོ་བོར་བཟུང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་འཚོ་བའི་ལག་ལེན་སོགས་རྒྱབ་ལྗོངས་བྱས་ཏེ་བཀར་ཡོད་པའོ།། དཔེ་ཞིག་དྲངས་ནས་བཤད་ན། “འབྲུག་སིང་སིང་རྨ་རྒྱུད་མགོ་ནས་གྲགས།། ཆར་བསིལ་མ་འབབ་ཀི་རྟེན་འབྲེལ་རེད།། བྱ་ཁུ་བྱུག་རྒྱ་རྫོང་ནགས་ནས་གྲགས།། ཟླ་བཞི་བ་ཐོན་གི་རྟེན་འབྲེལ་རེད།། གླུ་ཡག་པ་ཁྲོམ་པའི་གྲལ་ནས་བླངས།། ནང་ན་ཟླ་འཚོགས་ཀི་རྟེན་འབྲེལ་རེད”ལྟ་བུ་ལ་བྱིས་པའི་གླུ་ཟེར་ཞིང་། “བཀལ་འཁེལ་ཐག་འཐག་སྦྲ་ལ་བྱོས།། སྦྲ་གྲུ་ཁའི་རྡོལ་དུས་འགྱོད་ནས་ཅི།། ཉ་ར་འཚོ་སྐྱོང་ཕྱུགས་ལ་བྱོས།། དཔྱིད་ནམ་ངན་ཐོན་དུས་འགྱོད་ལས་ཅི།། ཁ་ལེན་ཚིག་བརྩི་ཕ་མར་བྱོས།། ལོ་རྒས་ཀྱིས་བཟུང་དུས་འགྱོད་ལས་ཅི་”ལྟ་བུ་ལ་དར་མའི་གླུ་ཟེར། གླུ་ཚིག་འདི་གཉིས་ལ་རང་ནས་གོང་གི་ཚད་གཞི་གཉིས་ལྟར་སོ་སོར་བཀར་ཏེ་ཅུང་ཙམ་སྨྲས་ན། དང་པོའི་ནང་དོན་ནི་ང་ཚོའི་འཚོ་བ་དང་བར་ཐག་ཆེས་ཉེ་བའི་རྒྱུན་ཤེས་ཙམ་ཡིན་ལ། འབྲུག་གྲགས་པ་ལས་ཆར་འབབ་རྒྱུ་ཡིན་པ་དང་ཁུ་བྱུག་གྲགས་པ་ལས་དཔྱིད་ཐོན་རྒྱུ་ཡིན་པ། གླུ་ལེན་པ་ལས་གྲལ་འཚོགས་རྒྱུ་ཡིན་པ་ཤེས་པའི་ངང་ཚུལ་སྟོན་པ་ལས་ནང་དོན་གཞན་མི་འདུག་པར་མ་ཟད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ཅི་ཡང་མཚོན་མེད། གླུ་ཚིག་གཉིས་པ་ལ་མཚོན་ན་འཚོ་བའི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་སློབ་གསོ་སོགས་ཚིག་རེ་རེ་ལས་གླུ་དང་པོ་དང་བསྡུར་ན་མང་པོ་ཞིག་བསྟན་ཡོད་ཅིང་། མི་ཕྱུགས་དང་ཁྱིམ་གཞི་བཅས་ལ་གཉོར་སྐྱོང་འབད་བརྩོན་དགོས་ཚུལ་གྱི་བསླབ་བྱ་གྱ་ནོམ་པ་ཞིག་ཀྱང་བསྟན་ཡོད་པ་ལྟ་བུའོ།།
གཉིས་པ། གཏམ་དཔེའི་ཐད་ནས།
གཏམ་དཔེ་ཡང་དེ་བཞིན་ཡིན་ལ། “སྦྲང་མ་ཐིག་ལེ་ཅན་ལ་སྟག་མ་ཟེར། འབུ་ནག་རྭ་ཅོ་ཅན་ལ་འབྲོང་མ་ཟེར”ལྟ་བུ་ལ་བྱིས་པའི་གཏམ་དཔེ་ཟེར་བ་དང་། “མགོ་ནག་རྐང་གྲངས་མང་རུང་མི་རྙེད་པ་ཤ་ཉེ། དོག་མོ་ཁ་ཞེང་ཆེ་རུང་མི་རྙེད་པ་ཕ་ས”ལྟ་བུ་ལ་དར་མའི་གཏམ་དཔེ་ཟེར། དེ་ཡང་དང་པོ་ནས་བྱིས་པའི་འཚོ་བ་དང་བར་ཐག་ཆེས་ཉེ་ཞིང་མིག་གིས་མཐོང་ཐུབ་པའི་དབྱེ་བ་ཞིག་གླེང་ཡོད་ལ་གཉིས་པ་དེ་དང་དང་པོ་བསྡུར་ན་ཧ་ཅང་རྒྱ་ཆེན་པོ་ཞིག་གླེང་འདུག་པ་གོ་ཐུབ་པ་རེད།
གསུམ་པ། ཁེད་ཀྱི་ཕྱོགས་ནས།
ཁེད་ཡིན་ན་ཡང་དེ་བཞིན་ལས་མ་མཆིས་ཏེ། “དཀར་རིལ་ཆུར་བརྒལ། ནག་རིལ་ཆུས་ཁུར”ལྟ་བུ་ལ་བྱིས་པའི་ཁེད་ཟེར་ཞིང་། “རི་རྒྱལ་ལྷུན་པོའི་ངོས་གཟར་ནས།། ཟངས་ཀྱི་ལྷ་མོ་སྤུན་བཞི་འཁྲུངས།། ཕྱོགས་སྐྱོང་བཅུ་བོའི་བཀའ་དྲིན་ལ།། དུང་གི་བདུད་རྩི་ཆར་བཞིན་བབས”ལྟ་བུ་ལ་དར་མའི་ཁེད་ཟེར། ཁེད་འདི་གཉིས་ཀྱི་ནང་དོན་ཡང་གོང་དུ་བཤད་པ་བཞིན་གཅིག་མཚུངས་ཡིན་པས་བསྐྱར་ཟློས་མི་བྱེད་པར་ཞུ།
ང་ཚོའི་འཚོ་བའི་ནང་གི་གླུ་དང་གཏམ་དཔེ། ཁེད་གསུམ་མི་ཉུང་བ་ཞིག་ཕལ་ཆེར་འདི་ལྟར་བཀར་ཆོག་པ་ཡིན་ལ། དེ་ལྟར་བཀར་བའི་བསམ་བློ་འདི་ང་ཚོར་མཚོན་ན་འགན་ལྕི་མོ་ཞིག་ཡིན་དོན། ཕ་ཡུལ་གྱི་རྒན་པ་རྣམས་ཀྱིས་བྱིས་པས་དར་མའི་གླུ་བླངས་ཞིང་གཏམ་ལབ་སྟེ། ཁེད་བཤད་ན་སྐད་ཆ་འདྲ་མིན་བཤད་ནས་སྡིགས་མོ་བྱེད་པ་དང་། དར་མས་བྱིས་པའི་གླུ་བླངས་ཤིང་གཏམ་ལབ་སྟེ། ཁེད་བཤད་ན་རྣམ་འགྱུར་སྣ་ཚོགས་བསྟན་ནས་འཕྱ་སྨོད་བྱེད་པ་དེ་རེད། དེང་རབས་ཀྱི་གར་སྟེགས་ཆེ་མ་ཆུང་གསུམ་ན་གླུ་དང་གཏམ་དཔེ། ཁེད་གསུམ་གྱི་འགྲན་བསྡུར་དང་བྱེད་སྒོ་མང་དུ་སྤེལ་བཞིན་ཡོད་ན་ཡང་འདིའི་ཕྱོགས་ལ་དོ་སྣང་ཆེན་པོ་ཞིག་བྱེད་ཀྱིན་མེད་པ་འདྲ། དེ་བཞིན་དུ། ང་རང་ནས་ཀྱང་རྩ་བ་མེད་པའི་རྩེ་མོ་ཙམ་ཞིག་འབྲི་དོན་ཕྱི་རབས་པ་ནས་ང་ཚོའི་ཡང་མེས་ཀྱི་གཏམ་འདི་ཐུགས་སུ་ཉར་ནས་ངག་ལ་འདྲེན་པར་སྨོན་ཡོད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注