མདའ་བཞི་ས་ཆའི་ནེའུ་སྐྲ་ལེན་སྟངས་ངོ་སྤྲོད་མདོར་བསྡུས།

སྤྱིར་ས་ཆ་རེ་ན་དཔེ་རེ་དང་ལུང་བ་རེ་ན་ཆུ་རེ་ཞེས་པའི་དཔེ་བཞིན་དུ་བྱིས་པའི་མནོལ་སྐྲ་ལེན་སྲོལ་ཡང་ས་ཆ་སོ་སོ་དང་སྡེ་བ་རེ་རེར་རང་རང་གི་ཁྱད་ཆོས་གཞིར་བཞག་གི་སྟེང་ནས་མི་འདྲ་ས་གང་མང་ཡོད་པ་ནི་སྨྲས་མ་དགོས་མོད། དེ་རིང་ང་ཚོས་མདའ་བཞི་ས་ཆའི་བྱིས་པའི་ནེའུ་སྐྲབང་སྐྲ་འམ་མནོལ་སྐྲ་ཡང་ཟེར།ལེན་སྲོལ་གྱི་རྣམ་པ་ངོ་སྤྲོད་མདོར་བསྡུས་ཙམ་བྱེད་རྒྱུ་ཡིན།

ནེའུ་སྟོན་ཞེས་པ་ནི་བྱིས་པ་ཕོ་མོ་གང་ཡིན་རུང་སྐྱེས་ནས་ལོ་གསུམ་བར་སྐྲ་མི་བཞར་བར་འཇོག་པ་དང་དེ་ལ་ནེའུ་སྐྲ་ཟེར་ཞིང་། ལོ་གསུམ་ལོན་རྗེས་ད་གཟོད་ནེའུ་སྐྲ་ལེན་ཞིང་ནེའུ་སྐྲལ་ལས་འདི་ལ་བཙས་སྟོན་དང་སྐྱེས་སྟོན་ཟེར་མོད་དེ་ནི་དོན་གྱིས་ནེའུ་སྟོན་ལ་གོ་བ་ཡང་དག་ཅིག་མ་ལོན་པར་བྱུང་བ་ཡིན་པ་ཙམ་ལས་སྐྱེས་སྟོན་དང་བཙས་སྟོན་སོགས་ནི་ཟླ་ཁ་བཀང་རྗེས་སམ་ལོ་གཅིག་ལོན་རྗེས་སྤེལ་བའི་མི་རིགས་གཞན་འགྱུར་གྱི་ཆོ་ག་ཞིག་ཡིན།  ལེན་པའི་ཉིན་མོ་དེར། ནམ་སྐྱ་རེངས་མཐའ་ནས་མ་བཀྱགས་གོང་བྱིས་པའི་ཨ་ཕས་ལྷ་བསང་བཏང་ནས་བསང་འབོད་བར་སྣང་ཁམས་ནས་གོ་བ་ཞིག་བྱས་ཏེ། མགོན་སྐྱབས་གོང་མ་ལྷ་ནས་གནང་བར་རེ་བ་ཞུ་ཞིང་། བྱིས་པའི་ཨ་མས་ཇ་སྐོལ་ནས་ཇ་མཆོད་རང་གི་སྲུང་མར་མཆོད་དེ་བྱིས་པའི་ཁ་འཛིན་མ་དྲོས་ཀླུ་ནས་བྱེད་པའི་སྨོན་ལམ་འདེབས་པ་ཡིན།

དེའི་རྗེས་ཉི་ཤར་གྱི་དང་བོ་རྟེན་འབྲེལ་གྱི་མགོ་མར་རང་གི་ནང་མི་དང་ཤ་ཉེ་རིང། རུ་སྡེ་ཕུ་ནུ་ཚང་མ་འཛོམས་ཡོད་པའི་སྐབས་སུ། བྱིས་པའི་ནེའུ་སྐྲ་ལེན་ཞིང་། ནེའུ་སྐྲ་ལེན་མཁན་དེ་ཡང་ཕ་མ་གཉིས་གང་རུང་གི་ཕའམ་མ་སྟེ། བྱིས་པའི་ཨ་མྱེས་དང་ཨ་ཕྱི། ཡང་ན་རང་གི་ཤ་ཉེའི་ནང་གི་འབྱོར་བ་རྒྱས་ཤིང་རླུང་རྟ་ལྡན་པའི་མི་རྒན་གཡང་ཅན་ཞིག་གིས་ནེའུ་སྐྲ་ལེན་པའི་སྲོལ་ཡོད། ནེའུ་སྐྲ་ལེན་མཁན་དེས་ཐོག་མར་བྱིས་པའི་སྐྲ་ཁྲུས་ཆུས་བཀྲུས་རྗེས། བྱིས་པའི་ཁ་རྒྱས་དབང་ཐང་དར་ཞིང་ཚེ་རིང་ནད་མེད་ཡོང་བ། ཚེ་བསོད་རླུང་རྟ་དར་བ་སོགས་བཀྲ་ཤིས་ཁ་གཡང་བརྗོད་ཞོར་སྐྲ་བཞར་དགོས།  ནེའུ་སྐྲ་ལེན་པའི་མི་དེ་གཏམ་ལ་མཁས་མིན་གྱི་དབང་གིས་ལ་ལས་སྐར་མ་བཅོ་ལྔ་ཉི་ཤུ་ལྷག་གི་རིང་ལ་ཁ་གཡང་འབོད་པ་དང་ཡང་ལ་ལས་ཚེ་རིང་ལོ་བརྒྱ་ཤོག་ཅེས་ཚིག་གཅིག་གིས་འཐུས་པར་བྱེད་པའང་ཡོད།

ཐོག་དང་བོ་ནེའུ་སྐྲ་ལེན་མཁན་དེས་བྱིས་པའི་སྤྱི་གཙུག་ནས་སྐྲ་ཅུང་ཙམ་བྲེག་རྗེས་དེར་འདུས་ཀྱི་མི་ཡོངས་ལ་ནེའུ་སྐལ་འཇོག་པ་དང་དེའི་རྗེས་མི་ཚང་མས་བྱིས་པའི་ནེའུ་སྐྲ་ཅུང་ཙམ་རེ་འབྲེག་དགོས། དེ་ཡང་ཉེ་རིང་གི་རིམ་པ་དང་རུས་ཀྱི་མཐོ་དམན་ལྟར་དུ་རང་གི་ཁྱིམ་ཚང་གི་ནང་མི་སྤུན་མཆེད་དང་ཨ་ཞང་ཨ་ཁུ་སོགས་ཀྱིས་བྱིས་པའི་སྤྱི་གཙུག་གི་མདུན་ནས་ནེའུ་སྐྲ་ལེན་དགོས་ཤིང་དེ་ནི་ནང་མིའི་སྐལ་ཡིན། ཡང་ཉེ་རིང་གི་ཚད་ཐིག་ཅུང་རིང་བའམ་ཤ་ཁྲག་གི་འབྲེལ་བ་མེད་པའི་སྡེ་མི་ཡིན་ན་བྱིས་པའི་སྤྱི་གཙུག་གི་ལྟག་རྒྱབ་ནས་ནེའུ་སྐྲ་ལེན་དགོས། དེ་ནི་ཕྱི་མིའི་སྐལ་ཡིན། དེ་ལྟར་ནེའུ་སྐྲ་ལེན་པའི་སྐབས་སུ་དམག་མི་རལ་བ་ཅན། དམག་རྟ་ཐམ་ཀ་ཅན་ཟེར་བ་ལྟར། བྱིས་པའི་མགོ་ནས་རལ་བ་མ་གཏོགས་ཚང་མ་བྲེག་སྟེ་བྲིག་ཟིན་པའི་སྐྲ་དེ་བལ་སྐུད་དཀར་བོ་ཞིག་གིས་བཙེམ་རྗེས་འཇོན་འབུ་ཞིག་དང་ཆོ་རིལ་མིག་བཞི་ཞིག་བཅས་བྱིས་པའི་གྱོན་པའི་རྒྱབ་ལ་བཙེམ་ཞིང་དེའི་མིང་ལ་མནོལ་མནོལ་ཟེར་ལ་ནད་གདོན་བར་ཆད་སེལ་ཞིང་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྨོན་འདུན་མཚོན་བྱེད་ཡིན། བྱིས་པའི་རལ་བའི་ནང་དུ་ཅ་ལ་དམར་པོ་དང་གཡུ་གཉིས། བྱུ་རུ་ལྡོག་པོ་གཅིག་རེ་འདོགས་པའི་སྲོལ་ཡོད།

མདའ་བཞི་ས་ཆར་མཚོན་ན་འདི་ནི་བྱིས་པ་ལོ་གསུམ་ལ་བུད་པའི་སྐབས་དགའ་སྟོན་རྟེན་འབྲེལ་གྱི་ཆོ་ག་སྤེལ་བའི་མཛད་སྒོ་ཞིག་ཡིན། ནེའུ་སྐྲ་ལེན་པའི་དུས་སྐབས་ཆེས་བཟང་བ་ནི་ལོ་སར་གྱི་སྐབས་ཡིན་པ་དང་དེ་ཡང་སྤྱིར་བཏང་དུ་ལོ་སར་ཚེས་གཅིག་དང་ཚེས་གསུམ། ཚེས་ལྔ། ཚེས་དྲུག ཚེས་བཅུ་གསུམ་སོགས་ལ་ནེའུ་སྐྲ་ལེན་པའི་སྲོལ་ཡོད།

རལ་གཡུ་ནི་ཚེ་རིང་ཞིང་ནད་མེད་དང་བཀྲ་ཤིས་ཤིང་དོན་འགྲུབ་པའི་རྟེན་འབྲེལ་གལ་ཆེན་ཞིག་ཏུ་བརྩི་བ་ཡིན།

བྱིས་པའི་ནེའུ་སྐྲ་ལེན་སྐབས་ཤ་ཉེ་རིང་རྣམས་ཀྱིས་རང་ཉིད་ཀྱི་འཛོམས་ཚོད་ཀྱིས་བྱིས་པར་བཀྲ་ཤིས་སྨོན་འདུན་ཞུ་བའི་ཚུལ་གྱིས་ལེགས་སྐྱེས་ཁྱེར་ཡོང་ཞིང་དེའི་མིང་ལ་ཙོར་ལོ་ཟེར། ལེགས་སྐྱེས་སྟེར་སྐབས་བྱིས་པའི་རལ་ཙོར་ཞིག་གི་དོད་དམ་ཡང་ན་རལ་རྔ་ཡིན་ཞེས་སྟེར་དགོས།

ནེའུ་སྐྲ་ལེན་ཞོར་དུ་ཚང་མས་ཇ་ཆང་གི་དཔལ་ལ་རོལ་བཞིན་གླུ་དང་གླུ་ཤགས། རྩེད་རིགས་སོགས་འཁྲབ་སྟོན་བྱས་ནས་ཁྲོམ་པ་སྐྱིད་ལ་འགུག་ངེས་ཡིན།

གསལ་བཤད།  བྱིས་པའི་ནེའུ་སྐྲ་ལེན་སྟངས་སྐོར་ལ་བཤད་ཚུལ་མི་འདྲ་བ་རེ་འགའ་ཡོད་ནའང་ཡུལ་ལུང་གཞན་དང་ཁྱད་པར་ཆེན་པོ་མེད་པས་འདིར་ཆེད་དུ་ཐུན་མོང་མ་ཡིན་པའི་ཆ་ཙམ་ལས་བརྗོད་མེད་པས་ཆད་ལྷག་གི་སྐྱོན་ནི་ངེས་པར་ཡོད་སྲིད་པས་དཔྱོད་ལྡན་རྣམས་ཀྱིས་མཛུབ་མོས་རི་སྟོན་གྱི་དཔེ་བཞིན་དག་ཐེར་ཡོ་བསྲང་ཡོད་པར་བཀའ་དྲིན་ཆེ། 

ཕག་མོ་ཚེ་བརྟན་གྱིས་བྲིས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号