མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།
ཟླ2པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ཤིང་། འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2025ལོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་འདས་སོང་ལ་ཕྱིར་བལྟ་དང་མ་འོངས་པར་རྒྱང་བལྟ་བྱས་ལ། མི་སེམས་འགུལ་ཞིང་སྐུལ་མ་གཏོང་ཐུབ། འདས་པའི་ལོ་གཅིག་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ད་ལོའི་བྱ་བ་བཟང་བོར་བསྒྲུབ་པའི་སྤྱིའི་རེ་བར་གོ་བ་ཡང་དག་ལེན་པ། ནམ་ཡང་འབད་འཐབ་ཡར་བརྩོན་བྱེད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རེ་བ་ཆེན་པོ་བཅངས་པ། དངོས་སྒྲུབ་ལེགས་བརྩོན་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ། དཔལ་འབྱོར་བསྐྱར་འཕར་ལེགས་འཕེལ་གྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་གྱི་སྔ་ནུབ་ཏུ་ལེའོ་ཉིང་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་དང་སྦྲེལ་མཐུད་བྱས་ནས། མཉམ་དུ་རྒྱུས་ལོན་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྲོས་ཚོགས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་བྱེད་པ་དང་། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་བསྲེས་བྱེད་པ། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་མཉམ་བསྲེས་བྱེད་པར་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས། སྔར་ལས་རང་འགུལ་གྱིས་ཕྱི་ནང་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། རིགས་གསར་བའི་གྲོང་གསེབ་ཅན་མྱུར་དུ་འཛུགས་སྐྲུན་བྱས་ནས། སྤྱི་ཚོགས་ཞབས་ཞུའི་འགན་སྲུང་དྲ་རྒྱ་བརྟན་པོ་འཛུགས་དགོས། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་ཟབ་སྒྱུར་བྱེད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ནན་མོ་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས། རང་ཞིང་གི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། རིགས་བགར་ནས་ཁེ་ལས་ཀྱི་ཏང་རྩ་འཛུགས་འཛུགས་སྐྲུན་ཡོངས་སུ་ཁེབས་པར་བྱེད་པའི་མཁྲེགས་གཏོར་བྱ་བ་སྤེལ་བ་དང་། ཏང་གི་གསར་གཏོད་གཞུང་ལུགས་དེ་ཐོན་ལས་བཟོ་བའི་ཁྲོད་དུ་རྩ་བ་ཚུགས་པར་བྱེད་པ། ཐོན་ལས་བཟོ་བར་མཐུན་སྒྲིལ་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། རྒྱུ་རྐྱེན་གཙོ་བོ་གཞིར་བཟུང་ནས་བགོ་བཤའ་བྱེད་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བསམ་པའི་རིག་གནས་ཀྱི་ཐུགས་ཁུར་ལ་ཤུགས་སྣོན་པ། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཐོན་ལས་བཟོ་བའི་གྲུབ་འབྲས་ཀྱི་ཚོར་བ་དང་ཐོབ་ཚོར། སྐྱིད་ཚོར་བཅས་ཇེ་མཐོར་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ན་ནིང་། ཞིང་ཆེན་ཡོངས་ཀྱི་འཆལ་ཕྱགས་འགལ་རྡུང་འཐབ་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ལོ་གསར་བའི་ནང་། རྒྱལ་ཡོངས་ཀྱི་འཆལ་ཕྱགས་འགལ་རྡུང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་གཙིགས་སུ་འཛིན་པ་དང་གཙོ་གནད་བྱ་བ་དམ་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ནུས་ཇེ་མཐོར་བཏང་ནས། ལངས་གནས་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་མཐོན་པོས་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། གནས་བབ་གསར་བར་རྒྱུས་ལོན་ཡང་དག་བྱས་ཏེ། རིག་སྟོབས་ལྟ་རྟོག་གི་བྱེད་ཐབས་གསར་གཏོད་བྱེད་པ་དང་། ཡུན་ཕན་བཀག་འཛིན་མ་ལག་འཛུགས་པ། དྲ་རྒྱ་དང་ཟོང་སྐྱེལ་སོགས་གསར་དར་ཁྱབ་ཁོངས་ཀྱི་ཉེན་ཁ་བཀག་འགོག་ནན་མོ་བྱེད་པ། གཞི་གྲངས་ཅན་གྱི་ཁྲིམས་བསྟར་ཕན་ནུས་མཐོར་འདེགས་གཏོང་དགོས། གཞི་རིམ་མང་ཚོགས་རང་འགུལ་གྱིས་ཟབ་ཞུགས་བྱེད་པར་སྐུལ་མ་བྱེད་པ་དང་། གོང་འོག་མཉམ་འབྲེལ་དང་ལག་བསྟར་ཤུགས་ལྡན་གྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས།
ཚོགས་ཐོག་ནས2024ལོའི་ཏང་ཨུ་དང་ཏང་ཙུའུ་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་དམ་འཛིན་བྱེད་པའི་བྱ་བའི་གྲུབ་འབྲས་ཡར་ཞུ་དཔྱད་འཇོག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཞིང་ཆེན་རིམ་པའི་གཞུང་ལམ306ཀོན་ཧཱ་གཞུང་ལམ་གྱི་ཀོན་ཐིན་ནས་བ་ཡན་བར་མཚམས་ཀྱི་བཟོ་སྐྲུན་འཛུགས་སྐྲུན་བྱ་བར་ཞིབ་འཇུག་བྱས་ལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི2024ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཤན་སྦྱར་ཞིབ་དཔྱད་རྒྱུ་ཆ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注