ཞི་ཅིན་ཕིང་གིས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་དབྱི་ཡོན་ཀྲི་ལ་མཇལ་འཕྲད་གནང་།
ཟླ2ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཨར་པིན་གྱི་ཐེ་དབྱང་ཏོ་མགྲོན་ཁང་དུ་ཀྲུང་གོར་ཨེ་ཤ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་མཛད་སྒོར་ཞུགས་སུ་ཡོང་བའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་དབྱི་ཡོན་ཀྲི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་འབྲེལ་བ་བཙུགས་ནས་ལོ་ངོ30ལྷག་འགོར་བའི་རིང་དུ། ཀྲུང་གོ་དང་ཧན་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་མ་ཐེབས་ཡོད་ཅིང་། ས་ཁུལ་ཞི་བདེ་འཕེལ་རྒྱས་ཐད་བྱས་རྗེས་བཞག་ཡོད། ཀྲུང་གོས་ཧན་གོར་འཛིན་པའི་སྲིད་ཇུས་བརྟན་པོ་ཡིན། མིག་སྔར་གྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་ངེས་གཏན་མིན་པའི་རང་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བའི་ལོ་དང་ཧན་གོ་བསྐྱར་འཛུགས་ཀྱི་ལོ་ངོ80ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་དུ་རྗེས་དྲན་བྱེད་སྒོ་ཡག་པོར་སྤེལ་དགོས། ཕན་ཚུན་མཉམ་འདྲེས་དང་གཉིས་ཕན་མཉམ་རྒྱལ་གྱི་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་བཏང་ན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པས། མི་ཆོས་བརྗེ་རེས་ལ་ཤུགས་སྣོན་དང་མི་དམངས་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ་ད་ལོ་དང་སང་ལོར་ཨེ་ཤ་ཡའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་དགོས་ཞེས་བསྟན།
དབྱི་ཡོན་ཀྲི་ཡིས་ཧན་གོ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རང་སྟེང་གི་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཀྲུང་གོ་དང་མཛའ་འབྲེལ་བྱེད་པ་ནི་ཧན་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དཀྱིལ་སྙིང་གྲས་ཤིག་ཡིན་པས་དེར་འགྱུར་བ་གཏོང་མི་སྲིད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཧན་གོ་དང་ཀྲུང་གོའི་འབྲེལ་བ་ལོ་གསར་བའི་ནང་སྔར་ལས་ལྷག་པའི་སྐས་རིམ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱིས་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ཏེ་འཛམ་གླིང་གི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་དགོས། མི་སྣའི་འགྲོ་འོང་གི་རྒྱ་ཆེ་རུ་བཏང་སྟེ་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། འཛམ་གླིང་གི་ཧྥ་ཞི་སི་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80འགོར་བར་མཉམ་དུ་རྗེས་དྲན་ཞུས་ཏེ། ཕན་ཚུན་ལ་རོགས་རམ་བྱས་ནས་ད་ལོ་དང་སང་ལོའི་ཨེ་ཤ་ཡའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་བསྡུ་དགོས་ཞེས་བསྟན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注