ཀྲའོ་ལི་ཅི་ཡིས་སོ་སོར་ཝུན་ལའེ་ཡི་མགོ་ཁྲིད་པ་ཧ་སང་ན་ཨར་དང་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་ལ་མཇལ་འཕྲད་གནང་།

ཟླ2པའི་ཚེས6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་སོ་སོར། ཝུན་ལའེ་ཡི་མགོ་ཁྲིད་པ་ཧ་སང་ན་ཨར་དང་ཐེ་གོའི་ཙུང་ལི་ཕེ་ཐུང་ཐན་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཧ་སང་ན་ཨར་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཝུན་ལའེ་ནི་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་མཁན་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། ཟླ་གྲོགས་བཟང་པོ་བཅས་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མགོ་ཁྲིད་པ་ཁྱེད་དང་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་མཉམ་ལས་ཀྱི་ལེའུ་གསར་པ་མཉམ་རྩོམ་གནང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཝུན་ལའེ་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ་དང་འཐབ་ཇུས་ངོས་ཀྱི་ཕན་ཚུན་ཡིད་ཆེས་ཇེ་ཆེར་གཏོང་བ། ལག་གདང་སྦྲེལ་ནས་ཐུན་མོང་འཕེལ་རྒྱས་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝུན་ལའེ་ཡི་ཁྲིམས་འཛུགས་ལྷན་ཚོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་སྣེ་ཁྲིད་དུ་བཟུང་ནས། ཕན་ཚུན་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱེད་འདོད་ཡོད་ཅེས་གསུངས།

ཧ་སང་ན་ཨར་གྱིས་ཝུན་ལའེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ། ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། ཉ་ལས། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་དུ་གཏོང་རྒྱུ་ཡིན་ལ། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་སྣོན་པ། མི་དམངས་བར་གྱི་ཕན་ཚུན་བསམ་ཤེས་བྱེད་ཚད་དང་མཛའ་བརྩེ་ཇེ་ཟབ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲིན་ཅན་པང་མཇལ་འཕྲད་ལ་ཞུགས།

ཀྲའོ་ལི་ཅི་ཡིས་ཕེ་ཐུང་ཐན་ལ་མཇལ་འཕྲད་གནང་སྐབས། ཀྲུང་གོ་དང་ཐེ་གོའི་འབྲེལ་བས་ཡུན་རིང་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་སྟངས་རྒྱུན་འཁྱོངས་བྱས་པ་དེ་ནི། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པས་རྒྱང་རིང་ལ་མནོ་བསམ་བཞེས་པ་དང་ཁ་ཕྱོགས་གཏན་འཁེལ་བྱས་པ་ལས་བྱུང་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ། ད་ལོ་ནི་ཀྲུང་གོ་དང་ཐེ་གོ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀའི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གང་མགྱོགས་བཏང་ནས། ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ནི་ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐེ་གོའི་རྒྱལ་ཚོགས་བར་མཛའ་མཐུན་འགྲོ་འོང་གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་ལེགས་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་། རྒྱལ་མཚམས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ལ་དམ་པོར་དམིགས་ནས་ཁྲིམས་འཛུགས་བརྗེ་རེས་མཉམ་ལས་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།

ཕེ་ཐུང་ཐན་གྱིས་ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་སྔར་ལས་ཇེ་དམ་དུ་བཏང་ནས། གློག་འཕྲིན་མགོ་སྐོར་སོགས་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་བཏང་སྟེ། སྔར་ལས་བརྟན་བརླིང་དང་སྔར་ལས་དར་རྒྱས་ཆེ་བ། སྔར་ལས་རྒྱུན་མཐུད་བཅས་ཀྱི་ཐེ་གོ་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号