ཀྲའོ་ལེ་ཅི་ཡིས་སོ་སོར་ཀེ་ལིན་ན་ཏའི་ཙུང་ལི་སྨི་ཆའེ་ཨེར་དང་ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་བ།
ཟླ1པོའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་སོ་སོར་ཀེ་ལིན་ན་ཏའི་ཙུང་ལི་སྨི་ཆའེ་ཨེར་དང་ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།
ཟླ1པོའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཀེ་ལིན་ན་ཏའི་ཙུང་ལི་སྨི་ཆའེ་ཨེར་ལ་ཐུག་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་སྨི་ཆའེ་ཨེར་ལ་ཐུག་འཕྲད་གནང་སྐབས་བསྟན་དོན། ད་ལོ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སླར་གསོ་བྱས་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོར་སྐུ་ཞབས་ཙུང་ལིར་མཇལ་འཕྲད་གནང་ནས། དུས་རབས་གསར་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་མཉམ་དུ་ཆར་འགོད་གསར་པ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀེ་ལིན་ན་ཏ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། འདོད་མོས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ཐུན་མོང་གི་འཕེལ་རྒྱས་འཚོལ་ཞིབ་བྱེད་པའི་ལམ་གྲོགས། སྐྱིད་སྡུག་མཉམ་མྱོང་གི་ཟླ་གྲོགས་བཟང་པོ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀེ་ལིན་ན་ཏའི་གྲོས་ཁང་བར་གྱི་མཛའ་མཐུན་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་སྐྱོང་བཅས་ཀྱི་ཉམས་མྱོང་བརྗེ་རེས་ཐད་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་མཉམ་ལས་ཟབ་སྤེལ་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་དམངས་འདོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད།
སྨི་ཆའེ་ཨེར་གྱིས་བསྟན་དོན། ཀེ་ལིན་ན་ཏ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ཏེ། ཀྲུང་གོའི་གྲུབ་འབྲས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་གཏོང་བ་དང་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་བསྣན་ནས། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།
ཏིན་ཀྲུང་ལི་ཐུག་འཕྲད་ལ་ཞུགས།
ཟླ1པོའི་ཚེས13ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་ཨ་ཞི་མུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་སྐབས་བསྟན་དོན། ཀྲུང་གོ་དང་ཧཱ་སག་སི་ཐན་ནི་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་མཚེས་བཟང་པོ་དང་ཕན་ཚུན་ཡིད་ཆེས་ཡོད་པའི་གྲོགས་པོ་བཟང་པོ། ཕན་ཚུན་གྲུབ་འབྲས་ཐོབ་པའི་ཟླ་གྲོགས་བཟང་པོ་བཅས་ཡིན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་དང་འཆར་འགོད་གསར་པ་བཟོས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧཱ་སག་སི་ཐན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་བདག་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་ཡུན་རིང་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་མུ་མཐུད་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་ཐུབ་པའི་རེ་བ་ཡོད།
ཨ་ཞི་མུའུ་པ་ཡེ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀའི་གཙོ་བདག་གི་སྣེ་ཁྲིད་འོག་ཏུ། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཏེ། “རྫོགས་ལྡན་གྱི་དུས་སྐབས”སུ་སླེབས་ཡོད། ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་མས་ཁྲིམས་འཛུགས་སོགས་ཁྱབ་ཁོངས་སུ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཟབ་སྤེལ་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།
ཧའོ་མིན་ཅིན་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注