ཀྲའོ་ལི་ཅི་ཡིས་ནའོ་ལུའུ་ཡི་གྲོས་དཔོན་དང་གྲོས་མོལ་གནང་།
ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནའོ་ལུའུ་ཡི་གྲོས་དཔོན་སི་ཏི་ཧྥིན་དང་གྲོས་མོལ་གནང་།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནའོ་ལུའུ་ཡི་གྲོས་དཔོན་སི་ཏི་ཧྥིན་དང་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ད་ལོའི་ཟླ་དང་པོར་ནའོ་ལུའུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་བ་སླར་གསོ་བྱ་རྒྱུའི་གཏན་འབེབས་བྱས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱུང་ནས་ཡུན་རིང་མ་སོང་བར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཙུང་ཐུང་ཨ་ཏི་ཨང་དང་གྲོས་མོལ་གནང་ནས་ཀྲུང་ནའོ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནའོ་ལུའུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་བསྟན་དོན། ནའོ་ལུའུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྩི་སྲུང་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུར་དར་ཆ་གསལ་སྟོན་གྱི་སྒོ་ནས་རྒྱབ་སྐྱོར་དང་། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནའོ་ལུའུ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ནའོ་ལུའུ་གྲོས་ཚོགས་བར་ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་བར་འགྲོ་འོང་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ནས་ཁ་གཏད་གྲོས་མོལ་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆ་འཐུས་ཚང་དུ་གཏོང་བ། ཨེ་ཤ་ཡའི་གྲོས་ཚོགས་ཀྱི་ཚོགས་ཆེན་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ལ་བརྟེན་ནས་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་མཉམ་ལས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད་ལ། ནའོ་ལུའུ་ཡི་གྲོས་མི་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་གཉེར་བའི་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གླིང་ཕྲན་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭའི་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
ཀྲའོ་ལི་ཅི་ཡིས་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བླངས་པའི་གྲུབ་འབྲས་ངོ་སྤྲོད་གནང་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ་ཉམས་མྱོང་བརྗེ་རེས་བྱས་ཏེ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས།
སི་ཏི་ཧྥུན་གྱིས་བསྟན་དོན། ནའོ་ལུའུ་ཡིས་ཀྲུང་གོ་དང་འབྲེལ་བ་སླར་གསོ་བྱ་རྒྱུའི་གཏན་འབེབས་ཡང་དག་བྱས་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་བྱ་བ་ཞིག་རེད། ནའོ་ལུའུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུངབྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་དེའི་ནང་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ལ། ནའོ་ལུའུ་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།
ཚའེ་ཏཱ་ཧྥུན་གྲོས་མོལ་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注