ཞི་ཅིན་ཕིང་གིས་ནེ་པཱ་ལའི་ཙུང་ལི་ཨའོ་ལིས་ལ་མཇལ་འཕྲད་གནང་།
ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་གི་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཀྲུང་གོར་འཚམས་འདྲིར་ཕེབས་པའི་ནེ་པཱ་ལའི་ཙུང་ལི་ཨའོ་ལིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཨའོ་ལིས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྩེ་གཅིག་ཏུ་གཞོལ་བར་བསྔགས་བརྗོད་གནང་བ་དང་། ཀྲུང་གོ་དང་ནེ་པཱ་ལ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། ཟླ་གྲོགས་བཟང་བོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པར་བརྟེན། ཕྱོགས་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་སྟེང་བཞག་ནས། ནེ་པ་ལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནེ་པཱ་ལས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་ཞུ་རྒྱུ་ཡིན་པ་དང་། ནེ་པ་ལས་རང་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པ་ལ་ཕྱོགས་དང་མཉམ་དུ། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་ནས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་བར་དུ་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་སྦྲེལ་མཐུད་ཀྱི་དྲ་རྒྱ་འཛུགས་རྒྱུ་དེ་ཐོག་མའི་བསམ་བཀོད་ནས་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལ་ཕྱོགས་དང་མཉམ་དུ། དངོས་གཉེར་མཉམ་ལས་རྒྱུན་མཐུད་ཟབ་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། འགག་སྒོ་དང་འགྲིམ་འགྲུལ། གློག་དྲ། འཕྲིན་གཏོང་སོགས་ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ནེ་པཱ་ལར“སྐམ་སའི་ཁ་རུབ་རྒྱལ་ཁབ”ནས“སྐམ་སའི་འབྲེལ་མཐུད་རྒྱལ་ཁབ”ལ་སྒྱུར་ཤུགས་ཇེ་མགྱོགས་སུ་གཏོང་རོགས་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ནེ་པཱ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ནེ་པཱ་ལ་རུ་སོང་ནས་དངུལ་གཏོང་དང་ལས་སྒོ་གཉེར་བར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པཱ་ལས་ཀྲུང་གོར2025ལོ་དེ“ནེ་པཱ་ལའི་ཡུལ་སྐོར་ལོ་རུ”གཏན་འཁེལ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པཱ་ལའི་གྲོགས་པོ་ཚོ་ཀྲུང་གོ་རུ་ཡོང་ནས་ཚོང་གཉེར་དང་ཡུལ་སྐོར། སློབ་སྦྱོང་བཅས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པཱ་ལ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།
ཨའོ་ལིས་ཀྱིས་བོད་ལྗོངས་དང་ཐའེ་ཝན་གཉིས་ཀ་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ནེ་པཱ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ཏེ། སྟོབས་ཤུགས་གང་ཡང་རུང་བ་ཞིག་གིས་ནེ་པཱ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བསམ་སྦྱོར་ཅི་རིགས་སྤེལ་དུ་མི་འཇུག་པར་མ་ཟད། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་དུ་མི་འཇུག་ལ། ཕྱིའི་རྒྱལ་ཁབ་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཟེར།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པཱ་ལའི་མཉམ་འབྲེལ་གསལ་སྒྲོག》སྤེལ།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注