རང་ཞིང་གི《སྲོལ་ཡིག》འདི་གཉིས་སང་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཟླ7པའི་ཚེས29ཉིན་གྱི་སྔ་དྲོར་གསར་འགོད་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པའི་སྟེང《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་བཙན་ས་འཛུགས་སྐྲུན་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་ཆུ་བེད་ལས་གཞིའི་དོ་དམ་སྲོལ་ཡིག》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ2024ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་ལས་དོན་ཨུ་ལྷན་དང་དེ་བཞིན་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་སྲོལ་ཡིག་གཉིས་ཀྱི་ཁྲིམས་འཛུགས་དམིགས་ཡུལ་དང་དོན་སྙིང་། བརྒྱུད་རིམ། དེ་བཞིན་ཁྱད་ཆོས་ལྡན་པའི་བཀྲག་མདངས་བཅས་ཀྱི་སྐོར་ལ་གསར་འགྱུར་ཁྱབ་བསྒྲགས་བྱས་པར་མ་ཟད། ད་དུང《སྲོལ་ཡིག》ལག་བསྟར་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་སོགས་ངོ་སྤྲོད་ཞིབ་ཕྲ་གནང་།
《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་བཙན་ས་འཛུགས་སྐྲུན་སྲོལ་ཡིག》ལ་ཁྱོན་བསྡོམས་པས་ལེའུ་བཅུ་གཅིག་དང་དོན་ཚན་དོན་དྲུག་ཡོད། སྲོལ་ཡིག་དུ“སྐྱེ་ཁམས་བདེ་འཇགས་འགན་སྲུང”“རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན”“སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ” “སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ” “སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་གཏོད”བཅས་ཀྱི་ལེའུ་ལྔ་སྤྱད་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོར་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཞིབ་ཕྲ་ཅན་དུ་བཏང་ཡོད། 《མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་སྲོལ་ཡིག》ནི“སྐྱེ་ཁམས་རྩ་འཛིན”རྩ་དོན་དུ་འཛིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་དང་། རང་ཞིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ས་གནས་ལམ་ལུགས་གསར་གཏོད་ཀྱི་བྱེད་ཐབས་ཤིག་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པར་བཅའ་ཁྲིམས་ཀྱི་རམ་འདེགས་མཁོ་འདོན་བྱས་པ་དང་། རང་ཞིང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ཁྲོད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན།
《མཚོ་སྔོན་ཞིང་ཆེན་ཆུ་བེད་ལས་གཞིའི་དོ་དམ་སྲོལ་ཡིག》ནང་ཁྱོན་བསྡོམས་པས་དོན་ཚན་སུམ་ཅུ་སོ་གཉིས་ཡོད་ཅིང་། ཆུ་བེད་ལས་གཞིའི་རིམ་དབྱེ་དོ་དམ་དང་། ཆུ་བེད་ལས་གཞིའི་ཆ་འཕྲིན་ཅན་གྱི་དོ་དམ། ཆུ་བེད་ལས་གཞིའི་སྤུས་ཚད་ཀྱི་འགན་འཁྲིའི་ལམ་ལུགས། ཆུ་བེད་ལས་གཞིའི་བདག་པོ་དང་གཉེར་སྐྱོང་པའམ་ཡང་ན་དོ་དམ་ལས་ཁུངས་ཀྱི་འགན་འཁྲི་སོགས་ཕྱོགས་མང་པོའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ཡོད། ཆུ་བེད་ལས་གཞིའི་འཁོར་སྐྱོད་བདེ་འཇགས་དེ་ཆུ་ལོག་སྔོན་འགོག་བདེ་འཇགས་དང་། ཆུ་བེད་མཁོ་འདོན་བདེ་འཇགས། འབྲུ་རིགས་མཁོ་སྤྲོད་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད།
རང་ཞིང་ལ་ཆུ་བེད་ལས་གཞིའི་ས་ཚིགས་མང་བ་དང་ཁྱབ་རྒྱ་ཆེ་བ། ལམ་ཐིག་རིང་བ་བཅས་ཀྱི་དབང་གིས《མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་ལས་གཞིའི་དོ་དམ་སྲོལ་ཡིག》ལག་བསྟར་བྱས་པས་ཆུ་བེད་ལས་གཞིའི་རྣམ་གྲངས་ཀྱི་དུས་སྟོད་དང་འཛུགས་སྐྲུན་དོ་དམ། བདེ་འཇགས་འཁོར་སྐྱོད། ཆག་འབེབས་སོགས་བེད་མེད་དུ་གྱུར་པའི་བརྒྱུད་རིམ་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོའི་དོ་དམ་མངོན་འགྱུར་ཐུབ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་གཞི“ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན”བཅས་སུ་འཛུགས་སྐྲུན་བྱེད་པའི་ཐད་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་དང་། ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དང་། འཁོར་སྐྱོད་དོ་དམ་སྔར་བས་ཚད་ལྡན་ཅན། ལས་རིགས་ལྟ་སྐུལ་དོ་དམ་སྔར་བས་གནད་ལ་འཁེལ་བ་བཅས་ཡོང་བ་བྱས་ནས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་རང་ཞིང་གི་ཆུ་བེད་ལས་གཞིའི་བདེ་འཇགས་འཁོར་སྐྱོད་དང་ཕན་འབྲས་འདོན་སྤེལ་གང་ལེགས་ཡོང་བར་འགན་སྲུང་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注