ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་མའེ་ལོ་ཉི་ལ་ཐུག་འཕྲད་གནང་བ།
ཟླ7པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་དབྱི་ཐ་ལིའི་ཙུང་ལི་མའེ་ལོ་ཉི་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལི་གཉིས་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་སྣེ་གཉིས་སུ་གནས་པ་དང་། རྒྱལ་ཁབ་གཉིས་ཀའི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་མཐུན་འགྲོ་འོང་གིས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཞི་བདེ་མཉམ་ལས་དང་སྒོ་འབྱེད་དཀྱེལ་ཡངས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་བརྗོད་སྙིང་ཡིན་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་ནི། ཀྲུང་གོ་དང་དབྱི་ཐི་ལི་རྒྱལ་ཁབ་གཉིས་ཀའི་ཐུན་མོང་གི་རྒྱུ་ནོར་ཡིན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་སྔར་ལས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་སོ་སོས་ཕན་ཚུན་བར་ཕན་ཚུན་འབྲེལ་མཐུད་དང་མཐུན་སྒྲིལ་བྱས་པ་ཡིན་ན། གཞི་ནས་མཉམ་དུ་མདུན་སྐྱོད་བྱེད་ཐུབ་ལ། དེ་ལས་ལྡོག་སྟེ་བཀག་སྡོམ་དང་ཁ་བྲལ་བྱས་པ་ཡིན་ན། རྒྱལ་ཁབ་སོ་སོ་ཕྱི་ནུར་རྒྱག་རྒྱུ་ལས་འོས་མེད། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས། ལོ་རྒྱུས་ཀྱི་ཟུར་ཚད་དང་འཐབ་ཇུས་ཀྱི་མཐོ་ཚད། ཕུགས་རྒྱང་རིང་པོ་བཅས་ཀྱི་ངོས་ནས་ཕྱོགས་གཉིས་ཀའི་འབྲེལ་བར་ལྟ་སྟངས་ཡང་དག་འཛིན་པ་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བཞིན་པ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ཡོད། མིག་སྔའི་རྒྱལ་སྤྱིའི་གནས་སྟངས་ལ་རྒྱུན་མཐུད་ངང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ནའང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བར་མཐོང་ཆེན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུའི་འདོད་འདུན་དུས་ནམ་ཡང་འགྱུར་མི་སྲིད་ཅིང་། ཀྲུང་གོ་དང་དབྱི་ཐ་ལིའི་འབྲེལ་བའི་མཉམ་ལས་གཉིས་ཕན་གྱི་ངོ་བོ་འགྱུར་མི་སྲིད་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་བརྩེ་སེམས་ལ་འགྱུར་བ་འབྱུང་མི་སྲིད། ཕྱོགས་གཉིས་ཀས་མཛའ་མཐུན་འགྲོ་འོང་གི་སྲོལ་རྒྱུན་རྒྱུན་མཐུད་བྱས་ཏེ། རང་སོ་སོས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་མུ་མཐུད་ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་དགོས། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ཀའི་ཐོན་ལས་ཀྱི་ལེགས་ཆ་ཕན་ཚུན་གསབ་རེས་དང་ཕན་ཚུན་གོ་སྐབས་མཁོ་འདོན་བྱེད་ཀྱིན་ཡོད་པར་བརྟེན། ཕྱོགས་གཉིས་ཀས་ཕན་ཚུན་གྱི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཅང་མ་འགོར་བའི་ཡར་སྔོན་ལ་གྲོལ་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པར་མ་ཟད། དབྱི་ཐ་ལི་སོགས་རྒྱལ་ཁབ་སོ་སོའི་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུར་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་བཟོ་ལས་བཟོ་སྐྲུན། ཚན་རྩལ་གསར་གཏོད། ཕྱོགས་གསུམ་པའི་ཁྲོམ་ར་སོགས་སྲོལ་རྒྱུན་མཉམ་ལས་ཇེ་ལེགས་སུ་གཏོང་རྒྱུ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། གློག་སྒུལ་རླངས་འཁོར་དང་མིས་བཟོས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་སྡུར་བྱ་རྒྱུར་མོས་མཐུན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལིའི་ཁེ་ལས་ཀྲུང་གོ་རུ་དངུལ་གཏོང་བྱེད་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་སྔར་ལས་གང་མང་ནང་འདྲེན་བྱེད་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱིས་དབྱི་ཐ་ལི་རུ་འཕེལ་རྒྱས་གཏོང་བར་འདྲ་མཉམ་དང་ཕྱི་གསལ་ནང་གསལ། བདེ་འཇགས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀས་ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་གྲུབ་འབྲས་ལ་གཅེས་འཛིན་གང་ལེགས་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ཕྱོགས་གཉིས་ཕན་ཚུན་སྐུལ་འདེད་གཏོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཕན་ཚུན་སྙིང་ཉེ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་ཀྱིས2026ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་སྤྲོད་པའི་ཐད་སྟབས་བདེའི་བྱེད་ཐབས་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་འདིར། འཛམ་གླིང་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་གཉིས་ཕན་འཕེལ་རྒྱས་ཡོང་ཐུབ། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས་བཙན་དབང་དོན་གཉེར་གཏན་ནས་བྱེད་ཀྱིན་མེད་ལ། རྒྱལ་ཁབ་སོ་སོའི་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་དགེ་མཚན་ལྡན་པ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
མའེ་ལོ་ཉི་ཡིས་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ཀྲུང་གོའི་བར་གྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ནས། སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ཚོང་དོན་དངུལ་གཏོང་དང་གློག་སྒུལ་རླངས་འཁོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་རྒྱུ་དང་། མི་གཞུང་རིག་གནས་བརྗེ་རེས་དམ་ཟབ་བྱས་ཏེ། དབྱི་ཐ་ལིའི་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་འདྲེན་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས“འབྲེལ་ཐག་གཙང་གཅོད”དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དང་དོན་དངོས་སུ་འགྱུར་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་བསྟན།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དབྱི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི2024ལོ་ནས2027ལོའི་བར་གྱི་འགུལ་སྐྱོད་འཆར་གཞི》སྤེལ།
ཝང་དབྱི་ཐུག་འཕྲད་ལ་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注