ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཟླ7པའི་ཚེས15ཉིན་ནས་ཚེས18ཉིན་བར། ཀྲུང་གོའི་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་འཚོགས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པའི་སྟེང་།ཀྲུང་གོའི་སྒྱུར་བཅོས་སྒོ་འབྱེད་ཀྱིས་ཀྲོང་ངེར་འགྱངས་ཤིང་གསལ་ལེར་མཐོང་བའི་ལམ་ཚད་རྡོ་རིང་གསར་པ་ཞིག་བཏོད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར་ཕུལ་བའི་བྱ་བའི་སྙན་ཞུར་མཉན་ཞིང་གྲོས་བསྡུར་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པའི་ཚུན་གྱི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་སྤེལ་གྱི་རྒྱལ་ཁའི་ལག་ལེན་དང་གྲུབ་འབྲས་རླབས་ཆེན་ལ་གདེང་འཇོག་མཐོན་པོ་གནང་ལ།《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཚང་འཛོམས་གྲོས་ཚོགས་འཚོགས་པ་དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་བྱེད་ཁོ་ཐག་ཡིན་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲིའི་ཁག་ཁུར་དྲག་པོ་མཚོན་ཡོད་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པར་དར་ཆ་ཅི་ཞིག་སྒྲེང་བ་དང་བགྲོད་ལམ་གང་དུ་བསྐྱོད་རྒྱུའི་བསྒྲགས་གཏམ་བསྐྱར་མ་ཞིག་ཀྱང་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན།

ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཆོད་དོན》གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པའི་བརྗོད་དོན་འདི་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བྱེད་ཐབས་བཏོན་ཡོད་པས། འཐབ་ལམ་གསར་པའི་སྟེང་གི་ཕྱོགས་ཡོངས་སྒྱུར་བཅོས་སྔར་བས་ཟབ་སྤེལ་ལ་ཁྲིད་སྟོན་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ལ། དེས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ལེགས་པར་མཚོན་ཡོད།《ཆོད་དོན》གྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་བྱེད་དགོས་པའི་སྒྲིག་སྲོལ་དང་ནང་རྐྱེན་གྱི་གནད་དོན་གལ་ཆེན་དམ་འཛིན་གང་ལེགས་བྱས་ནས་ཇུས་འགོད་སྒྱུར་བཅོས་བྱེད་པ་དང་། བརྗོད་དོན་གསལ་ཞིང་གཙོ་གནད་མངོན་པར་དོད་པ། བྱེད་ཐབས་གོ་ཆོད་དང་ལག་བསྟར་བྱེད་རུང་བ་བཅས་ཡིན་ལ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པ་དེ་སྔར་ལས་རྒྱ་ཆེ་དང་གཏིང་ཟབ་ཏུ་སྤེལ་བའི་སྤྱི་ཁྱབ་སྐུལ་སློང་དང་སྤྱི་ཁྱབ་བཀོད་འདོམས་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ངེས་རེད།

སྒྱུར་བཅོས་སྒོ་འབྱེད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གོམ་སྟབས་ཆེན་པོའི་ངང་དུས་རབས་ཀྱི་རྗེས་སུ་འབྲངས་པའི་ཐབས་མཆོག་གལ་ཆེན་ཡིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ནི་དུས་རབས་ལས་བརྒལ་བ་ཞིག་ཡིན་པས། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱང་དུས་རབས་ལས་བརྒལ་བ་ཞིག་ཡིན་པས། དུས་རབས་གསར་པའི་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་དང་མ་ལག་ཧྲིལ་པོའི་ཇུས་འགོད་ཀྱིས་སྒྱུར་བཅོས་ཀྱི་འཐབ་ལམ་གསར་པར་སྐུལ་འདེད་གཏོང་བའི་འཐབ་ལམ་གསར་པ་བཏོད་ཡོད་ལ། རང་རྒྱལ་སྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་རྐྱང་ཡང་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་པ་དང་། ཆབ་སྲིད་ཀྱི་བློ་སྤོབས་དང་བློ་གྲོས་ཆེན་པོ་ཡིས་ཕྱོགས་ཡོངས་སྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་བཏང་བ་དང་། སྒྱུར་བཅོས་དེ་ཆ་ཤས་འཚོལ་ཞིབ་དང་འགག་སྒྲོལ་འགག་བརྟོལ་ནས་ཡོངས་རྫོགས་གཅིག་བསྡུ་དང་ཕྱོགས་ཡོངས་ཟབ་སྤེལ་དུ་མངོན་འགྱུར་བྱུང་ཞིང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་འཁེལ་བྱས་པའི་སྒྱུར་བཅོས་ལས་འགན་སྤྱི་ཁོག་ནས་ལེགས་འགྲུབ་བྱུང་བས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཏང་གི་ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་འབྱུང་བའི་ཐད་ལམ་ལུགས་དང་འགན་སྲུང་ནུས་ལྡན་བཏོན་ཞིང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་བསྐྱོད་པར་སྐུལ་འདེད་བཏང་ཡོད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་རིམ་གསར་པར། རང་རྒྱལ་གོམ་པ་བརྟན་པོས་དུས་རབས་ཀྱི་རྗེས་སུ་ཆོད་པ་དེ་ནི་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དེ་ཡང་སྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་བྱུང་བས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས་ན་སྔར་བཞིན་སྒྱུར་བཅོས་ལ་བརྟེན་དགོས་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད།

ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ་སྒྱུར་བཅོས་ལ་ཇུས་འགོད་དང་བཀོད་སྒྲིག་བྱེད་པ་ནི། ཏང་གིས་སྒྱུར་བཅོས་སྒོ་འབྱེད་ལ་མགོ་ཁྲིད་པའི་ལེགས་འགྲུབ་ཉམས་མྱོང་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་གཏན་འཁེལ་བྱས་ཡོད་པས།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་བཏོན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བྱ་གཞག་གསར་པ་གསར་རྐྱང་ཞིག་ཡིན་པས། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་འགལ་ཟླ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་དང་འཕྲད་ཁོ་ཐག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་ལ་གདོང་གཏོད་པ་དང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་སྐོར་གསར་པར་གདོང་གཏོད་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་གདོང་གཏོད་པ་བཅས་བྱས་ཏེ། སྒྱུར་བཅོས་ངེས་པར་མུ་མཐུད་དུ་མདུན་སྐྱོད་ཡོང་བར་སྐུལ་འདེད་གཏོང་དགོས། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླའི་འགྱུར་ལྡོག་དང་སྔར་ལས་འཚམ་མཐུན་ཡོང་བའི་དགོས་ངེས་ཀྱི་བླང་བྱ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་དྲང་གཞག་གི་སྒོ་ནས་མི་དམངས་ཡོངས་ལ་ཁེ་ཕན་ཐོབ་པའི་དགོས་ངེས་ཀྱི་བླང་བྱ། ཉེན་ཁའི་འགྲན་སློང་སྔར་ལས་ཆེན་པོར་ཁ་གཏད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བརྟན་བརླིང་གིས་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་ལོ་བརྒྱའི་འཕོ་འགྱུར་མྱུར་དུ་འཕེལ་བའི་གོ་རིམ་ལ་འཐབ་ཇུས་རང་བཞིན་གྱི་རྒྱལ་ཁ་ལེན་པའི་དགོས་ངེས་ཀྱི་བླང་བྱ། དུས་རབས་གསར་པའི་དེང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྔར་ལས་སྟོབས་ལྡན་གྱི་མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་པའི་དགོས་ངེས་ཀྱི་བླང་བྱ་བཅས་ཡིན།ཏང་ཡོངས་ཀྱིས་རང་འགུལ་སྒོས་སྒྱུར་བཅོས་དེ་གོ་གནས་སྔར་ལས་མངོན་གསལ་དུ་བཞག་ནས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཏང་གི་ལས་འགན་གཙོ་བོ་མངོན་འགྱུར་བྱེད་ཆེད་ཧུར་བརྩོན་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཚན་རིག་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་པའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྤྱིའི་བཀོད་སྒྲིག་ཇུས་འགོད་བྱས་ཡོད་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་སྤྱིའི་དམིགས་འབེན། རྩ་དོན་ཆེན་པོ་བཅས་གསལ་པོ་བྱས་ཤིང་། མ་འོངས་པའི་ལོ་ལྔའི་རིང་གི་སྒྱུར་བཅོས་བྱེད་ཐབས་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། འཐབ་ལམ་གསར་པའི་སྟེང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་སྐོར་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་ལ་སྔར་ལས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དང་ནང་སྒོས་སུ་དུས་རབས་གསར་པའི་ཕྱོགས་ཡོངས་སྒྱུར་བཅོས་ཟབ་སྤེལ་གྱི་ཉམས་མྱོང་རྩ་ཆེན་སྤྱི་བསྡོམས་དང་བཀོལ་སྤྱོད་བྱེད་པ། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས།བདེན་སྲུང་གསར་གཏོད་རྒྱུན་འཁྱོངས།ལམ་ལུགས་འཛུགས་སྐྲུན་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། མ་ལག་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ན། ང་ཚོའི2035ལོའི་བར་གྱི་དམིགས་འབེན་མངོན་འགྱུར་འབྱུང་ཁོ་ཐག་ཡིན་ཏེ། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ཕྱོགས་ཡོངས་ནས་འཛུགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་ཕལ་ཆེར་མངོན་འགྱུར་འབྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་འབྱུང་བ་བཅས་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་ཐུབ།

ཏང་གི་མགོ་ཁྲིད་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཁག་ཐེག་རེད། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་པའི་རང་རྟོགས་མཐོན་པོ་ངེས་པར་དུ་རྒྱུན་འཁྱོངས་དང་། གསར་བརྗེ་ཡི་སྙིང་སྟོབས་དང་ཚད་གཞི་ནན་མོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ལྡན་མགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པར་གཅིག་བསྡུས་གཅིག་གྱུར་སྒོས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་། གཟེར་འདེབས་སྙིང་སྟོབས་ཀྱིས་སྒྱུར་བཅོས་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྒྱུར་བཅོས་སྒོ་འབྱེད་ལ་བསྟུད་མར་སྐུལ་འདེད་བཏང་བ་ལས་བྱུང་བ་ཡིན་ལ། སྒྱུར་བཅོས་སྒོ་འབྱེད་ཁྲོད་རྒྱ་ཆེའི་མདུན་ལྗོངས་བཏོད་དེ་བྱུང་དགོས་པ་ཞིག་ཀྱང་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ། སྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ།སེམས་ཤུགས་གཅིག་བསྡུ་དང་ཡར་བརྩོན་འབད་འབུངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་འབྱུང་ཆེད་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号