མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས25པའི་གྲུབ་འབྲས་བསྒྲགས་པ།

ཟླ7པའི་ཚེས15ཉིན། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ངོ་གྲོས་ཚོགས་འདུའི་གྲུབ་འབྲས་བསྒྲགས་པ་སྟེ། ཆིངས་བཞག་ལས་གཞི104མངོན་འགྱུར་བྱས་པ་དང་། སྤྱིའི་དངུལ་གཏོང་གྲངས་ཀ་སྒོར་དུང་ཕྱུར916ལ་སླེབས་པ། ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། མདོག་ལྡན་གསེར་སྦྱངས། ལྗང་མདོག་རྩིས་ནུས། ནུས་གྲོན་ཁོར་སྲུང་། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་མང་པོར་ཁེབས་ཡོད། དེའི་ཁྲོད། ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་དངུལ་འདྲེན་ཚོང་འགུག་གི་ཕན་འབྲས་མངོན་གསལ་ཡིན་ཞིང་། ཆིངས་བཞག་ལས་གཞི25ཡོད་ལ། ཆིངས་བཞག་དངུལ་གྲངས་སྒོར་དུང་ཕྱུར288ཡོད། ལྷོ་ཆུ་བྱང་འདྲེན་སྡེ་ཚོགས་ཀྱི་ཚྭ་འདམ་གཞོང་ཆུའི་ཐོན་ཁུངས་བཀོད་སྒྲིག་བཟོ་སྐྲུན་སྐབས་རིམ་དང་པོ་དང་། ཤར་ཕྱོགས་གློག་རླངས་མ་རྐང་ཚད་ཡོད་ཀུང་སིའི་ཆིང་ནུས་དང་གསོག་ནུས། རླུང་གློག་བཅས་ཀྱིས་ནུས་ཁུངས་གཙང་མ་བཟོ་སྐྲུན་གཞི་གཅིག་ཅན་སོགས་གཙོ་གནད་ལས་གཞི18ཀྱི་ཆིངས་བཞག་དངུལ་གྲངས་སྒོར་དུང་ཕྱུར536ལ་སླེབས།

ཐེངས་འདིའི་མཚོ་སྔོན་ཚོང་གཏམ་ཚོགས་འདུས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་གཞིར་བཟུང་བ་དང་། དངུལ་གཏོང་ཉོ་ཚོང་བྱེད་སྒོ་རབ་དང་རིམ་པ་བསྒྲུབས་པ། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེགས་བུའི་ནུས་པ་ཕན་ནུས་ལྡན་པར་བཏོན་པ། ཆུ་ཚད་སྔར་ལས་མཐོ་བ་དང་དངོས་ཕན་སྔར་ལས་ཕུན་སུམ་ཚོགས་པ། ངོ་མཚར་སྔར་ལས་ཆེ་བའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱས། དེའི་ཁྲོད། བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ8དང་རྒྱལ་ཡོངས་བཟོ་ཚོང་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཨན་ལི་ཅ་སོགས་པུའུ་ཨུའི་མགོ་ཁྲིད3དང་། པེ་ཅིན་དང་ཐན་ཅིན། ཧྲང་ཧའེ་སོགས་ཞིང་ཆེན28ཀྱི་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་འཐུས་ཚབ་ཚོགས་པ་བཅས་ཀྱི་ཞིང་ཆེན་རིམ་པའི་མགོ་ཁྲིད17དང་། སྐུ་མགྲོན་གཙོ་བོ་རྒྱལ་ཁབ་ཀྱི་པུའུ་ཀྲང་རིམ་པ་དང་དེའི་ཡན་གྱི་དཔོན་རིགས། མཛའ་མཐུན་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་བློན་ཆེན། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་དབྱང་ཁེ་ལས30ཡི་འགན་འཁུར་པ15དང་། ཀྲུང་གོའི་ཁེ་ལས་སྟོབས་ལྡན500གྲས་སུ་ཚུད་པའི་ཁེ་ལས52དང་དམངས་གཉེར་ཁེ་ལས་གྲགས་ཅན་གྱི་འགན་འཁུར་པ25དང་། འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་གཞི་དང་ཚོང་དོན་མཐུན་ཚོགས། ཉོ་ཚོང་སྒྲིག་གཞི་བཅས་ཀྱི་སྲིད་ཚོང་སྡེ་ཁག་གི་འཐུས་མི་དང་མི་སྣ་གྲགས་ཅན་བསྡོམས་པས497གདན་དྲངས་ཤིང་། ཚོགས་ཞུགས་སྐུ་མགྲོན་བསྡོམས་པས6096ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་ཚོང་གཏམ་ཚོགས་འདུ་དང་སྐྱེ་ཁམས་དངོས་མང་སྟོན་ཚོགས་སྡུད་སྒྲིག་སྒོས་ལེགས་པར་སྒྲུབ་པའི་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གཞུང་གིས་ཐོག་དང་པོར་རང་གཅིག་པུས་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་གཙོ་སྒྲུབ་བྱས་པ་དང་། མགོ་རྩོམ་མཛད་སྒོ་དང་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་དང་གྲོང་ཁྱེར་གྱི་ཚོང་སྒོ་འབྱེད་པའི་མཛད་སྒོ། མཚོ་སྔོན་ཚོང་གཏམ་ཚོགས་འདུའི་དངུལ་གཏོང་གསལ་བཤད་ཚོགས་འདུ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་གྲགས་ཅན་མཚོ་སྔོན་དུ་སྐྱོད་པ། སྤྲིན་ཐོག་མཚོ་སྔོན་ཚོང་གཏམ་ཚོགས་འདུ་སོགས་གཙོ་གནད་ལས་གཞི11གི་བྱེད་སྒོ་གཅིག་སྡུད་སྒོས་བསྒྲུབས། དེའི་ཁྲོད། དངུལ་གཏོང་གསལ་བཤད་ཚོགས་འདུ་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་བསྒྲུབས་པ་དང་། ཐན་ཅིན་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན། བོད་རང་སྐྱོང་ལྗོངས་བཅས་ཀྱི་མགོ་ཁྲིད་གདན་དྲངས་ནས་ཡུལ་དངོས་སུ་འོས་སྦྱོར་བྱས་པ། ཐུ་སི་ལ་རླངས་འཁོར་ཚད་ཡོད་ཀུང་སི་དང་། 360གྲངས་འཛིན་བདེ་འཇགས་ཀུང་སི། གསེར་རི་མཉེན་ཆས་ཀུང་སི། འཁྱག་གླིང་ཐན་འཁོར་རྒྱུག་རྒྱལ་སྤྱིའི་ཀུང་སི་བཅས་ཀྱི་འགན་འཁུར་པས་བརྗེ་རེས་གཏམ་བཤད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་གྲགས་ཅན71དང་ཁེ་ལས་པ180ལྷག་ཁག་བགོས་ཀྱིས་གྲོང་ཁྱེར་དང་ཁུལ་བཅས་སུ་བརྟག་དཔྱད་བརྗེ་རེས་སུ་བསྐྱོད་པར་རྩ་འཛུགས་བྱས་ཏེ། སྤུས་ལེགས་ཁེ་ལས་སྔར་ལས་མང་པོ་མཚོ་སྔོན་ལ་དངུལ་གཏོང་ལས་དར་དུ་ཡོང་བར་བཀུག་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号