ཞི་ཅིན་ཕིང་གིས་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ།

ཟླ5ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་སའེ་དབྱི་ཏེ་དང་སྐུ་ཟླ་དབྱི་ཧྲི་ལཱ་ཧྥུའུ་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ5ཚེས31ཉིན་གློག་འཕྲིན་འབྱོར་གསལ། ཟླ5ཚེས31ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་མཁན་ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཐུ་ནི་སི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐུ་ནི་སི་ནི་གྲོགས་པོ་ཡག་པོ་དང་སྤུན་ཟླ་ཡག་པོ་ཞིག་ཡིན། ཕྱི་འབྲེལ་བཙུགས་ནས་ལོ60སོང་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཐུ་ནི་སི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་གསོན་ཉམས་ལྡན་པའི་ལེའུ་བརྩམས་ཡོད། ཀྲུང་གོ་དང་ཐུ་ནི་སི་དབར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐུ་ནི་སི་དབར་གྱི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། དེ་རིང་ང་ཚོས་ཀྲུང་གོ་དང་ཐུ་ནི་སི་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་རྒྱབ་སྐྱོར་དང་། ཐུ་ནི་སིས་རང་ཚུགས་རང་བདག་གིས་སྒྱུར་བཅོས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་དང་། ལྗང་མདོག་འཕེལ་རྒྱས། ཆུའི་ཐོན་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ལ། ཐུ་ནི་སིའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སིར་ཆུ་ཚད་མཐོ་བའི་སྨན་བཅོས་རུ་ཁག་མུ་མཐུད་མངགས་ནས་ཐུ་ནི་སི་ཕྱོགས་དང་སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས།

ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཡག་པོ་བསྐྲུན་ནས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་འདོད་ཡོད།

སའེ་དབྱི་ཏེས་གསུངས་དོན། ཐུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ60འཁོར་བའི་སྐབས་སུ་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་དང་འབྲེལ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་པའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ལ་འདུ་ཤེས་གཅིག་མཐུན་ཡིན་པས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཐུ་ནི་སི་ཕྱོགས་ཀྱིས་རང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་ཐོབ་ནས་འཕྲོད་བསྟེན་དང་། འགྲིམ་འགྲུལ། ལྗང་མདོག་འཕེལ་རྒྱས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ཐུ་ནི་སི་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་རེ་སྒུག་བྱེད་ཀྱི་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། ཐུ་ནི་སི་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདུ་ཤེས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་གཞག་དང་དྲང་བདེན་གཙོ་བོར་བཟུང་བར་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡོད། རྒྱལ་ཁབ་ཚང་མར་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་གིས་གདམ་ག་བྱེད་དབང་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཁྱོངས་དང་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ། བཙན་དབང་རིང་ལུགས་དང་དཔུང་ཤོག་འགྲན་རྒོལ་ལ་ངོ་རྒོལ་གྱིས་དེ་བས་འདྲ་མཉམ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ངོ་མ་དང་ཞི་མཐུན་མཉམ་གནས་ལོངས་སུ་སྤྱོད་ཐུབ་པ་དང་། ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་མཉམ་སྤྱོད་ཡོང་ཐུབ་པ་བྱེད་འདོད་ཡོད།

ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་། ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཀྱི་ལངས་ཕྱོགས་ཧ་ཅང་མཐུན་པོ་འདུག ཐུ་ནི་སི་སོགས་རྒྱ་ཆེའི་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་དང་། དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་སའེ་དབྱི་ཏེ་དང་སྐུ་ཟླ་དབྱི་ཧྲི་ལཱ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

སའེ་དབྱི་ཏེ་དེ་གར་འབྱོར་སྐབས་གུས་དམག་གིས་གྲལ་འགྲིག་པོས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་སྐབས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ཐུ་ནི་སི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་ཞིང་། གནམ་བདེ་སྒོ་མོའི་ཐང་ཆེན་ནས་རྟེན་འབྲེལ་མེ་སྒྱོགས21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་སའེ་དབྱི་ཏེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་རུ་སྟར་ལའང་གཟིགས་པ་རེད།

དེ་ཉིན་ཉིན་དགུང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་སའེ་དབྱི་ཏེ་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号