ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་པ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ11ཚེས་27ཉིན་གྲོས་ཚོགས་སྐོང་འཚོགས་བྱས་ནས། 《འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག་གི་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་རེད། འཐབ་ཇུས་ལག་བསྟར་བྱས་ཚུན། བསམ་བློའི་ངོས་འཛིན་དང་། འབྱུང་ཁམས་ཁོར་ཡུག འཕེལ་རྒྱས་གཏོང་སྟངས། ས་ཁོངས་མཉམ་འདྲེས། བསྒྱུར་བཅོས་སྒོ་དབྱེ་སོགས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། འཕེལ་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད་ཅེས་བསྟན་འདུག
གྲོས་ཚོགས་ཐོག འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཞི་རྩ་ནི་འབྲི་ཆུའི་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འབྱུང་ཁམས་ཁོར་ཡུག་ལ་བརྟེན་དགོས། བློ་བརྟན་འགྱུར་མེད་ངང་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོར་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པ་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་པ་དང་། འབྱུང་ཁམས་དམར་ཐིག་ནན་སྲུང་བྱས་ཏེ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྦགས་མེད་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དེ་རང་འགུལ་གྱི་ནུས་པར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པའི་འགྲན་ལམ་གསར་པ་ཧུར་ཐག་གཏོད་པ་དང་། ས་ཁོངས་གསར་གཏོད་ཀྱི་སྦྲེལ་ཐག་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་ནས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འབྲི་ཆུའི་འགྲམ་རྒྱུད་ཀྱི་ཐོན་ལས་བཀོད་སྒྲིག་དང་བརྗེ་སྒྱུར་ལ་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་དེ་བས་འབྲེལ་མཐུད་ཡག་པོ་དང་ཐོན་ཁུངས་གཉིས་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་གནས་སྒུལ་ཤུགས་དང་བློས་འགེལ་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་འཁོར་སྐྱོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། ཞིང་ཆེན་དབར་གྱི་མཉམ་གྲོས་དང་། འབྱུང་ཁམས་མཉམ་བཅོས། ས་ཁོངས་ཧྲིལ་པོ་མཉམ་སྐྲུན། འཕེལ་རྒྱས་མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་ས་ཁོངས་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་གཙོ་གནད་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། འབབ་རྒྱུད་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་སེལ་གྱི་ནུས་པ་ཆེ་རུ་བཏང་ཐོག ས་ཁོངས་གཅིག་གི་བརྟན་ལྷིང་གིས་ཁྱོན་ཡོངས་ཀྱི་བདེ་འཇགས་ཆེད་ལེགས་སྐྱེས་འབུལ་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས་བྱས་ཏེ། གཅིག་གྱུར་འཆར་འགོད་ཀྱིས་མཐུན་སྦྱོར་དང་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་སུ་བསྒྱུར་བཅོས་གལ་ཆེན་ཁག་གཅིག་ལ་སྐུལ་འདེད་གཏོང་དགོས། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། གོམ་པ་རིམ་བགྲོད་དང་སྐུལ་འདེད་ཏན་ཏིག་གཏོང་བ། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་འདུག
གྲོས་ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྲོལ་ཡིག》ནང་། ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱ་རྒྱུའི་ཐད་གཏན་འབེབས་བྱས་ནས་ཏང་གིས་དུས་ཡུན་རིང་པོའི་ནང་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་བསམ་ཕྱོགས་དང་འདུ་ཤེས། སྒྲིག་སྲོལ་ལམ་སྲོལ། གྲུབ་འབྲས་ཐོབ་པའི་ལག་ལེན་བཅས་ལམ་ལུགས་ཀྱི་གྲུབ་འབྲས་སུ་འགྱུར་བ་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ནུས་ལྡན་ངང་ལག་བསྟར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་འདུག
གྲོས་ཚོགས་ཐོག ཏང་ཀྲུང་དབྱང་གིས་ཕྱི་དོན་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས། མ་ལག་ཆ་ཚང་ཡིན་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གང་མགྱོགས་ཆགས་པར་བྱས་ནས། ཕྱི་དོན་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གི་ཏང་གི་ཕྱི་དོན་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཕྱི་དོན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ལག་བསྟར་དོན་འཁྱོལ་བྱས་ཐོག རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་མཐུན་རྐྱེན་བསྐྲུན་པ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་བྱས་འདུག
གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注