ཞི་ཅིན་ཕིང་གིས་ཧྲང་ཧའེ་དང་ཅང་སུའུ་ཡན་ཁྲིན་དུ་རྟོག་ཞིབ་མཛད།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་གཟིགས་ཞིབ་གནང་སྐབས། ཧྲང་ཧའེ་ཡིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ནོར་བ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་དམ་པོར་དམིགས་པ་དང་། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་དང་དངུལ་རྩའི་ལྟེ་གནས། ཚོང་དོན་ལྟེ་གནས། མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས། ཚན་རྩལ་གསར་གཏོད་ལྟེ་གནས་བཅས་བསྐྲུན་པའི་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ཏེ། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་ཀྱིས་སྒུལ་ཤུགས་བྱེད་པ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱིས་སྣེ་སྟོན་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱིས་འགན་སྲུང་བཅས་བྱས་ནས། གསར་གཏོད་བྱེད་ཕོད་པ་དང་བྱས་རྗེས་གང་ལེགས་བཞག་སྟེ། འཛམ་གླིང་སྟེང་ཤུགས་རྐྱེན་ཆེ་ཞིང་ནུས་པ་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཟླ11ཚེས28ཉིན་ནས་ཟླ12ཚེས2ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅིས་ཉིང་དང་ཧྲི་ཀྲང་ཀུང་ཀྲིན་གྱི་འགྲོ་རོགས་འོག་ཏུ། ཞི་ཅིན་ཕིང་གིས་སྔ་རྗེས་སུ་དངུལ་རྩའི་སྒྲིག་གཞི་དང་ཚན་རྩལ་གསར་གཏོད་གླིང་ཁུལ། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ལས་གཞི་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་།

ཚེས28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་འཁོར་ལས་བབས་མ་ཐག  ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་སའོ་རུ་གཟིགས་ཞིབ་གནང་བར་ཕེབས། ཁོང་གིས་གློག་རྡུལ་བརྙན་ཤེལ་དང་གལ་ཆེའི་ཁྲོམ་འགྲེམས་སྣ་ཁ་རྩིས་སྤྲོད་རྩིས་ལེན་གྱི་དངོས་པོ་འགྲེམས་སྟོན་དང་ཟུང་འབྲེལ་བྱས་ནས། ཉོ་ཚོང་སུའོ་ཡིས་འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུས་ཚུལ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་ནས། ཉོ་ཚོང་སུའོ་ཡི་རྒྱུན་གཏན་གྱི་མ་དངུལ་དོ་དམ་དང་རྩིས་སྤྲོད་རྩིས་ལེན་གྱི་བསྡོམས་རྩིས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་རྗེས། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་བསྐྲུན་པའི་དམིགས་འབེན་ནི་ཡང་དག་པ་དང་གོམ་སྟབས་བརྟན་པོ། མདུན་ལམ་ཆེན་པོ་ལྡན་པ་བཅས་ཡིན་པ་དང་། ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་སའོ་འདི་ཉིད་འཛམ་གླིང་སྟེང་གི་ཉོ་འཚོང་བྱ་ཡུལ་རྩེ་གྲ་རུ་གང་མགྱོགས་ཀྱིས་གྲུབ་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དུས་བཅད་ཚོང་ཟོག་ལྟ་སྐུལ་དོ་དམ་ལམ་ལུགས་དང་ལས་སྒོའི་རྣམ་པ་འཚོལ་ཞིབ་བྱེད་རྒྱུ་དང་། རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་བསྐྲུན་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་གསུངས།

དེའི་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་དེ་ཕུའུ་ཏུང་གསར་སྤེལ་ཁུལ་ཀྲང་ཅང་ཚན་རིག་གྲོང་དུ་ཕེབས་ནས། ཧྲང་ཧའེ་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་། ཁོང་གིས་བརྙན་ལམ་བརྙན་ཐུང་དང་ཟུང་འབྲེལ་བྱས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་ཀྱི་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། འགྲེམས་ཁང་དུ་ཕེབས་ནས་རྨང་གཞིའི་ཞིབ་འཇུག་དང་མིས་བཟོས་རིག་སྟོབས། སྐྱེ་དངོས་གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བར་མ་ཟད། ཚན་རིག་ཞིབ་འཇུག་མི་སྣའི་འཐུས་མི་དང་བྱམས་བརྩེའི་ངང་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ། ཚན་རྩལ་དང་སློབ་གསོ། འཇོན་མི་བཅས་ཀྱི་འཐབ་ཇུས་ཀྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཧྲང་ཧའེ་ཡིས་དེའི་ཐད་སྣེ་འདྲེན་ཡག་པོ་བྱས་ནས། འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཆེ་བའི་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་ངང་བསྐྲུན་དགོས། བློ་རྒྱ་དང་ལས་འགན་སྒྲུབ་སེམས་ཆེ་བའི་རྩེར་སོན་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་གང་ལེགས་བྱས་ཏེ། ཁོ་ཚོས་སྤྱང་གྲུང་དང་བློ་གྲོས་འདོན་སྤེལ་གང་ལེགས་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་གསུངས།

ཉེ་བའི་ལོ་འདི་དག་གི་རིང་ལ། ཧྲང་ཧའེ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། ཧྲང་ཧའེ་རུ་ཡོང་བའི་གྲོང་མི་གསར་པ་དང་ན་གཞོན། འཐབ་ཕྱོགས་དང་པོའི་ལས་བཟོ་བ་བཅས་མང་པོ་ཞིག་ལ་སྡོད་ཁང་འགན་ལེན་བྱས་ཡོད། ཚེས29ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་མེན་ཞིན་ཆུའུ་ཡི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པ་དང་དོ་དམ་པའི་ཁྱིམ་དུ་རྟོག་ཞིབ་གནང་བ་རེད། ས་གནས་དེ་གས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ཉལ་ཁྲི་གཅིག་དང་ཁང་མིག་གཅིག ཁང་བ་ཆ་ཚང་གཅིག”བཅས་ཀྱི་རིམ་པ་མང་བའི་བོགས་གཏོང་སྡོད་ཁང་མཁོ་འདོན་མ་ལག་འཛུགས་སྐྲུན་བྱས་པའི་གནས་ཚུལ་ངོ་སྤྲོད་སྙན་ཞུར་གསན་རྗེས། ཞི་ཅིན་ཕིང་གིས་ལས་དོན་དེར་ཁས་ལེན་གང་ལེགས་གནང་།  ཁོང་གིས་སྔ་རྗེས་སུ་སྡེ་ཁུལ་གྱི་སྡོད་ཁང་རྣམ་པ་དང་ཉལ་ཁང་རྣམ་པའི་བོགས་གཏོང་སྡོད་ཁང་གི་བོགས་གཏོང་ཁྱིམ་ཚང་སྡོད་ཁང་དང་སྤྱི་པའི་ཐབ་ཚང་། སྤྱི་པའི་གོས་འཁྲུད་ཁང་སོགས་མཉམ་སྤྱོད་བར་སྟོང་སར་ཕེབས་ནས། དེ་གར་སྡོད་པའི་གྲོང་ཁྱེར་གྱི་འཐབ་ཕྱོགས་དང་པོའི་ལས་བཟོ་བའི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐུགས་ཁུར་ཟབ་བཞེས་གནང་བར་བརྟེན། དེ་གར་ཡོད་པའི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཞལ་གྱེས་སྐབས་སྡེ་ཁུལ་གྱི་གྲོང་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་ཞུས།  ཞི་ཅིན་ཕིང་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འཛུགས་སྐྲུན་པ་ཚོས་དེ་གར་བདེ་སྡོད་ལས་བརྩོན་བྱེད་ཀྱིན་པ་མཐོང་སྐབས་དགའ་སྤྲོ་ཆེན་པོ་སྐྱེས། ཞི་ཅིན་ཕིང་གིས་གྲོང་ཁྱེར་ལ་མཐོ་ཚད་ཡོད་དགོས་པར་མ་ཟད། དྲོད་ཚད་སྔར་ལས་ཀྱང་མཁོ། ང་ཚོའི་སྤྱི་ཚོགས་རིང་ལུགས་ནི་མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་དེ་ཡིན། ཕྱི་ནས་ཡོང་བའི་ལས་མིས་ཧྲང་ཧའེ་་རུ་ཡོང་ནས་བྱས་རྗེས་འཇོག་བཞིན་ཡོད་པས། ཁོ་ཚོའང་གྲོང་ཁྱེར་གྱི་བདག་པོ་ཡིན། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་སྣ་མང་ཅན་དང་སྣེ་མང་ཅན་གྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ། ཕྱི་ནས་ཡོང་བའི་མི་འབོར་ཚུར་ཡོང་ཐུབ་པར་བྱེད་པ་དང་གནས་ཐུབ་པར་བྱེད་པ། བདེ་སྡོད་བྱེད་པ། བྱ་གཞག་སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་ཐད་འགན་ལེན་བྱེད་དགོས་ཞེས་གསུངས།

ཟླ12ཚེས1ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ཧྲང་ཧའེ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་།

ཞི་ཅིན་ཕིང་གིས “ལྟེ་བ་ལྔ”གང་མགྱོགས་འཛུགས་རྒྱུ་ནི། ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་བཅོལ་བའི་ལས་འགན་གལ་ཆེན་ཞིག་ཡིན། ཧྲང་ཧའེ་ཡིས་དེ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་ལས་དོན་ལ་སྤྱི་འདོམས་སྣེ་ཁྲིད་བྱེད་རྒྱུ་དང་། སྤྱི་ཡོངས་འཆར་འགོད་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ཐོལ་བརྒལ་དང་གནད་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱེད་པའི་གྲོང་ཁྱེར་གྱི་ནུས་ཁུངས་རིམ་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དེ་གནད་འགག་ལྟེ་བའི་ལག་རྩལ་མཁྲེགས་གཏོར་ལ་ཤུགས་སྣོན་པ་དང་། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཛམ་གླིང་རིམ་པའི་རྩེར་སོན་ཐོན་ལས་གཅིག་སྡུད་སྐྱེད་སྲིང་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ། རྒྱལ་སྤྱིའི་དཔལ་འབྱོར་ལྟེ་གནས་ཀྱི་གནས་བབ་དང་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་རྩའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆུ་ཚད་མཐོ་བའི་དངུལ་རྩའི་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། དངོས་ཕུང་དཔལ་འབྱོར་དང་ཚན་རྩལ་གསར་གཏོད།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ལ་སྔར་ལས་ཞབས་འདེགས་ཞུ་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་ཉོ་ཚོང་ལྟེ་གནས་ཀྱི་སྤུས་ཚད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། རྩེར་སོན་གྱི་མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུ་སོགས་ཀྱི་ཐད་གནས་པའི་ཞན་ཆ་གང་མགྱོགས་ངང་གསབ་ནས། མཚོ་ཐོག་སྐྱེལ་འདྲེན་ཐོན་ཁུངས་ཀྱི་འཛམ་གླིང་ཧྲིལ་པོའི་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་འཇོན་མིའི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གསར་གཏོད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་དགོས། འབྲི་ཆུའི་ཟུར་གསུམ་ས་ཁུལ་དང་ས་ཁོངས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་མདུན་ངོས་གཡུལ་ས་དང་འཛམ་གླིང་ཧྲིལ་པོར་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པའི་ཧྲང་ཧའེ་ཡིས། མགོ་རྩོམ་ས་སྔར་ལས་མཐོ་བའི་སྟེང་ནས་བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གསར་གཏོད་རང་བཞིན་གྱི་བཅོས་སྒྱུར་དང་སྣེ་ཁྲིད་རང་བཞིན་གྱི་སྒོ་འབྱེད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གང་ལེགས་གཏོང་བ་དང་། བཅོས་སྒྱུར་མ་ལག་གཅིག་སྡུད་ལ་ཤུགས་སྣོན་པ། ཕུའུ་ཏུང་གསར་སྤེལ་ཁུལ་ཕྱོགས་བསྡུས་བཅོས་སྒྱུར་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་བ། ཧུང་ཆའོ་རྒྱལ་སྤྱིའི་སྒོ་འབྱེད་ལྟེ་བའི་ནུས་རིམ་སྔར་ལས་ཇེ་མཐོར་གཏོང་བ། རྒྱལ་སྤྱིའི་སྒོ་འབྱེད་ལྟེ་བའི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་ཁྲོད་ཞུགས་རྒྱུ་སོགས་ཕྱོགས་གཉིས་ཀྱི་སྒོ་འབྱེད་ལས་སྟེགས་ཆེན་མོ་བརྟན་པོའི་ངང་གཉེར་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་མགྱོགས་མྱུར་ངང་གྲུབ་པར་བྱེད་དགོས།  “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱས་ཏེ། གཞུང་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ལས་དོན་ཟབ་སྤེལ་བྱེད་རྒྱུ་དང་། དམངས་གཉེར་ཁེ་ལས་དྲང་གཞག་ངང་ཁྲོམ་རའི་འགྲན་རྩོད་ཁྲོད་ཞུགས་རྒྱུར་འགན་ལེན་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱེད་པ། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ། གཉེར་སྐྱོང་རང་བདག་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཐོན་ཁུངས་ཀྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་དང་། ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་ཅན་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་པ། གྲོང་ཁྱེར་འཆར་འགོད་དང་ལག་བསྟར་ཐད་འཆར་གཞི་མཐར་ཕྱིན་པ་འགོད་རྒྱུ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་གྱི་གཞི་གྲངས་ཅན་གྱི་ཚུལ་སྒྱུར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གང་ལེགས་གཏོང་བ། བདེ་འཇགས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གང་ལེགས་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་ཆེ་གྲས་བཅོས་སྐྱོང་གི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་འབད་པས་ཞུགས་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་གི་ཐོག་མའི་དམིགས་འབེན་དང་དོན་གྱི་འབབ་སར་བརྩིས་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་བྱེད་པ་དང་། མི་ཚང་མས་ཟབ་ཞུགས་བྱེད་པ་དང་མི་ཚང་མས་འགན་འཁུར་བ། མི་ཚང་མས་ལེགས་སྐྱེས་འབུལ་བ། མི་ཚང་མས་ལོངས་སྤྱོད་བྱེད་པ་བཅས་ཀྱི་གྲོང་ཁྱེར་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་བསྐྲུན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མཇུག་གི་དཀའ་ཁག་སེལ་བ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་གི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ལག་བསྟར་བྱས་ནས། རིག་གནས་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རིག་གནས་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་པ། རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་སེམས་གཅིག་གྱུར་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱེད་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྔར་ལས་ཇེ་བརྟན་དུ་གཏོང་བ། རིག་གནས་སྣ་ཚོགས་མཉམ་བསྲེས་བྱེད་པའི་ཁྲོད་གཙོ་རྒྱུགས་རིན་ཐང་དང་གཙོ་རྒྱུགས་གླེང་ཕྱོགས། གཙོ་རྒྱུགས་རིག་གནས་བཅས་སྔར་ལས་ཇེ་ཆེར་གཏོང་དགོས། གྲོང་ཁྱེར་གྱི་རིག་གནས་རྒྱུན་འཛིན་ཐད་མཐོང་ཆེན་བྱས་ནས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། གསར་བརྗེ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། དུས་རབས་གསར་པའི་ཤེས་རིག་ལག་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་མིའི་ཤེས་རིག་བྱང་ཚད་དང་གྲོང་ཁྱེར་གྱི་ཤེས་རིག་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཞིག་ཡིན་ལ་རྩ་བའི་འགན་ལེན་ཞིག་ཀྱང་ཡིན། ཧྲང་ཧའེ་ནི་ང་ཚོའི་ཏང་དབུ་བརྙེས་ས་ཡིན་པས། ཚོགས་ཆེན་དང་པོའི་ཚོགས་གནས་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ། “ངེས་པར་དུ་སྒྲུབ་དགོས་པ་གསུམ”བློ་ལ་བརྟན་པོར་བཅངས་ནས། སྐྱོད་ལམ་གསར་པའི་སྟེང་དུ་གསར་འབྱེད་གསར་གཏོད་དང་འབད་འབུངས་ཡར་བརྩོན། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་དང་འཚམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བཅས་བྱེད་དགོས། གྲོང་ཁྱེར་ཤིན་ཏུ་ཆེ་བའི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་རྒྱུ་དང་། གཞི་རིམ་གྱི་ཏང་སྐྱོང་ལས་ཀའི་བསམ་ཕྱོགས་དང་རྣམ་པ་གསར་གཏོད་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་དང་ཆད་གཅོད་མཐའ་གཅིག་ཏུ་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཆབ་སྲིད་སྐྱེ་ཁམས་གྲུབ་པར་གཅིག་གྱུར་སྒོས་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་ཚར་ལ་ཉེ་བས། ཚད་གཞི་མི་འགྱུར་བ་དང་ངར་ཤུགས་མི་ལྷོད་པའི་ངང་རྒྱུན་འཁྱོངས་བྱས་ནས། བརྗོད་དོན་སློབ་གསོ་དེ་ཕྱོགས་སོ་སོའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བར་བྱེད་པ། ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།

ཟླ12ཚེས3ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཕྱིར་པེ་ཅིང་དུ་ལོག་པའི་ལམ་བར་དུ། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིན་དང་ཧྲིན་ཀྲང་ཞུའུ་ཁུན་ལེན་གྱི་འགྲོ་རོགས་འོག་ཏུ། ཡན་ཁྲིན་གྲོང་ཁྱེར་དུ་ཡོད་པའི་ཞིན་སི་ཅུན་དྲན་གསོ་ཁང་ལ་ལྟ་སྐོར་གནང་། འགྲེམས་ཁང་ནང་གི་འདྲ་པར་རེ་རེ་དང་ལོ་རྒྱུས་ཀྱི་དཔྱད་ཡིག་རེ་རེ། རིག་དངོས་རེ་རེ། དངོས་ལྗོངས་ཀྱི་ལད་ཟློས་རེ་རེ་བཅས་ཀྱིས། ཞིན་སི་ཅུན་གྱི་ཁྲག་བཏོན་དམར་འཛིང་བྱས་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཆ་ཚང་ངང་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་དུས་ངེས་མེད་དུ་གཟིགས་ཞིབ་གནང་ནས་ཚང་མ་དང་ལྷན་དུ་དགོངས་འཆར་བརྗེ་རེས་གནང་།  ཁོང་གིས་ཞིན་སི་ཅུན་གྱི་ལོ་རྒྱུས་ཀྱིས་དམངས་སེམས་རྒྱབ་ཀྱིས་ཕྱོགས་མིན་གྱིས་ལོ་རྒྱུས་ཀྱི་གདམ་ག་གཏན་འཁེལ་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁམས་ནི་མི་དམངས་དང་མི་དམངས་ནི་རྒྱལ་ཁམས་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། འདི་ནི་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་སློབ་དེབ་ཅིག་ཡིན་པས། སློབ་དེབ་འདི་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ནས། དཀའ་ངལ་དང་ཉེན་ཁ་ལ་མི་སྐྲག་པ་དང་འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ནས་མདུན་དུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་གཟིགས་ཞིབ་གནང་རོགས་བྱས།

ལིས་ཀན་ཅེ་དང་ཧི་ལིས་ཧྥུན། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་མཉམ་དུ་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་དང་། བརྗོད་དོན་སློབ་གསོ་ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚོགས་ཁག་ལྔ་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号