ཞི་ཅིན་ཕིང་གིས་པེ་ཅིང་དང་ཧི་པེའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་རྟོག་ཞིབ་མཛད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས10ཉིན་པེ་ཅིང་དང་ཧི་པེའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བར་རྟོག་ཞིབ་མཛད།འདི་ནི་ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་པེ་ཅིང་མིན་ཐིག་གུག་མེའོ་ཧྥུན་རི་བོའི་མི་རིགས་སློབ་གྲྭ་རུ། གཞུང་དོན་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་ཆུ་ལོག་སྔོན་འགོག་གནོད་སེལ་ཁྲོད་ཞུགས་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། མེ་གསོད་དང་འཕྲལ་བསྟུན་རྒུད་སྐྱོབ་མི་སྣ། རྒྱལ་དབང་ཁེ་ལས་ཀྱི་ལས་བཟོ་པ། དང་བླངས་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བའི་ཚུལ་རེད།
འདི་ནི་ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་པའོ་ཏེན་ཀྲུའུ་ཀྲོའུ་གྲོང་ཁྱེར་ཏེའོ་ཝོ་གྲོང་རྡལ་ཝན་ཆོན་ཀྲོང་སྡེ་བའི་ཁང་པ་བསྐྱར་འཛུགས་བྱེད་ཡུལ་དུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས10ཉིན་པེ་ཅིང་དང་ཧི་པེའི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བར་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་ཕྱོགས་སོ་སོས་ནན་ཏན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་དགོས་པ་དང་། ཡང་འབད་བསྐྱར་འབད་ཀྱིས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་བྱ་བ་བཟང་བོར་སྒྲུབ་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་པ་དང་དྲོད་སྐྱིད་ཀྱིས་དགུན་བསྐྱལ་བར་ཁག་ཐེག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། མ་ལག་ལྟ་བ་རྒྱུན་འཁྱོངས། བདེན་འཚོལ་དངོས་གཉེར་དང་ཚན་རིག་འཆར་འགོད། ལུགས་མཐུན་བཀོད་སྒྲིག་བཅས་རྒྱུན་འཁྱོངས་བྱས་ཤིང་། ཆད་ས་དང་ཞན་ས་ཁ་གསབ་བྱེད་པ་དམ་འཛིན་བྱས་ནས། ཞོད་འགོག་བཟོ་སྐྲུན་མ་ལག་དང་འཕྲལ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱུན་ཆད་མེད་པར་གནོད་འགོག་གནོད་སེལ་ནུས་པ་མཐོར་འདེགས་བྱེད་དགོས།
ད་ལོའི་ཟླ7པའི་ཟླ་མཇུག་ནས་ཟླ་བརྒྱད་པའི་ཟླ་མགོའི་བར། ཧྭ་པེ་དང་ཧོང་ཧུའེ་སོགས་ས་ཁུལ་དུ་ཐལ་དྲགས་པའི་ཆར་བ་བབས་ནས། ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་བྱུང་སྟེ། པེ་ཅིང་དང་ཧི་པེ་སོགས་ས་ཁུལ་དུ་མི་སྣར་ཤི་རྨས་ཚབས་ཆེན་ཐེབས།
ཞི་ཅིན་ཕིང་གིས་ནམ་རྒྱུན་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་གནང་བཞིན་པ་དང་། ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བར་མཐོང་ཆེན་མཛད་དེ། ཐེངས་མང་བོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཤུགས་ཆེན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱས་ཏེ་མྱུར་མོར་གནོད་ཐེབས་ས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས་པའི་ཐུགས་རེ་བཏོན། ཟླ9པའི་ཟླ་སྟོད་དུ། ཞི་ཅིན་ཕིང་ཧེ་ལུང་ཅང་ཞིང་ཆེན་ཧྲང་ཀྲི་གྲོང་ཁྱེར་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས། བྱང་ཕྱོགས་ས་ཁུལ་དུ་དགུན་སླེབས་པ་དང་བསྟུན་ནས། ཞི་ཅིན་ཕིང་ཡང་བསྐྱར་པེ་ཅིང་དང་ཧི་པེའི་གནོད་འཚེ་ཐེབས་པ་ཅུང་ཚབས་ཆེ་བའི་འབྲེལ་ཡོད་ས་ཁུལ་དུ་ཕེབས་ནས། གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་གནང་།
ཟླ11པའི་ཚེས10ཉིན། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་དང་ཧྲི་ཀྲང་དབྱིན་ཡུང་། ཧི་པེ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཉི་ཡུའེ་ཧྥུན་དང་ཧྲིན་ཀྲང་ཝང་ཀྲིན་ཕུའུ་བཅས་ཀྱི་ཕེབས་རོགས་འོག སྔ་གཞུག་ཏུ་མིན་ཐིའུ་ཀུག་དང་པའོ་ཏེན་སོགས་ས་ཁུལ་དུ་ཕེབས་ནས། ཡུལ་དངོས་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་གནས་ཚུལ་ལ་རྒྱུས་ལོན་མཛད།
ཡུང་ཏེན་ཆུ་བོའི་སན་ཅ་ཏེན་ཆུ་འདྲེན་ལྟེ་གནས་ནི་ཡུང་ཏེན་ཆུ་བོའི་ཀོན་ཐིང་རི་འགག་གི་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན། ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གནས་དེར་ཕེབས་ནས་པེ་ཅིང་གྲོང་ཁྱེར་གྱི་ཆུ་རྒྱུད་དང་། ཡུང་ཏེན་ཆུ་བོའི་ཉམས་གསོ་བཅོས་སྐྱོང་། ཆུ་བཀག་ཆུ་སྒོའི་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་སྙན་ཞུ་བྱས་པར་གསན་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་བྱ་བའི་འཕེལ་རིམ་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས་མིན་ཐིའུ་ཀུག་དང་ཧྥང་ཧྲན་སོགས་རི་ཁུལ་དུ་རི་མཐོ་ཞིང་གྲོག་རོང་ཟབ་པས། དྲག་ཆར་བསྟུད་མར་བབས་ཚེ་ཆུ་ལོག་ཆེན་པོ་འབྱུང་སླ་བས་པེ་ཅིང་གི་ཆུ་ལོག་སྔོན་འགོག་གི་གཙོ་གནད་ས་ཁོངས་རེད། ཆུ་མཛོད་སོགས་ཚོད་འཛིན་རང་བཞིན་གྱི་བཟོ་སྐྲུན་ལེགས་པར་བསྐྲུན་དགོས་པར་མ་ཟད། རི་ཁུལ་གྱི་བགྲོད་ལམ་དང་ཁང་པ་སོགས་བཟོ་བཀོད་ཀྱི་ཆུ་ལོག་འགོག་པའི་ཚད་གཞི་ཡང་འཐུས་ཚང་དུ་བཏང་ནས། ཟོལ་མེད་ཀྱིས་ཆུ་ལོག་སྔོན་འགོག་ནུས་པ་མཐོར་འདེགས་བྱེད་དགོས། པེ་ཅིང་གི་ཆུ་རྒྱུད་ཀྱི་ཁྱད་ཆོས་ལ་རྐང་འཛུགས་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། འབུར་དུ་ཐོན་པའི་གནད་དོན་དང་ལས་རིམ་ཞན་སར་དམིགས་ཏེ། སྟོད་ནས་ཆུ་གསོག་པ་དང་། བར་ནས་ཆུ་གཞན་ལ་བསྐོར་བ། སྨད་ནས་ཆུ་ཕྱིར་གཏོང་བ། ཕན་ནུས་ལྡན་པའི་ཆུ་ལོག་འགོག་བཅོས་ཀྱི་རྩ་དོན་ལ་གཞིགས་ཏེ། ཆུའི་གཏོར་བརླག་ཐེབས་པའི་སྒྲིག་ཆས་དག་གང་མགྱོགས་སྒོས་ཉམས་གསོ་བྱེད་པ་དང་ཆུ་བེད་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྒྱལ་སའི་ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལ་འགན་ལེན་བྱེད་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་བསྟན།
དེའི་རྗེས་སུ་ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ནས་མེའོ་ཧྥུན་རི་བོའི་མི་རིགས་སློབ་གྲྭར་ཕེབས། ད་ལོའི་ཆར་ཆུ་མོད་པའི་དུས་ཚིགས་སུ་གནས་དེ་གནས་སྐབས་ཉེན་གཡོལ་བྱེད་ས་དང་ཆུ་ལོག་སྔོན་འགོག་གནོད་སེལ་མི་སྣ་བཅའ་སྡོད་བྱེད་སར་གྱུར་ཡོད། ཞི་ཅིན་ཕིང་སློབ་ཁང་ཞིག་ཏུ་ཕེབས་པ་ན། བྱིས་པ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་བཞིན་ཡོད། ཚང་མས་ཨ་མྱེས་ཞི་ཅིན་ཕིང་ལ་རང་རང་གི་ཆུ་ལོག་སྔོན་འགོག་གནོད་སེལ་བརྗོད་དོན་གཙོ་བོར་བྱས་པའི་ལག་ཤེས་ཐོན་རྫས་བསྟན་པར་མ་ཟད། ཆུ་ལོག་གི་གནོད་འཚེར་འཕྲད་སྐབས་ཀྱི་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་སྙན་ཞུ་ཞུས་པ་དང་། ཞི་ཅིན་ཕིང་གིས་དེར་ཉན་རྗེས་དགའ་སྤྲོ་ཆེན་པོ་སྐྱེས། ཁོང་གིས་གནོད་འཚེ་ཐེབས་པའི་སློབ་མ་ཚང་མ་དུས་ཐོག་ཏུ་སློབ་འགོ་ཚུགས་ནས་ཕྱིར་སློབ་གྲྭར་ལོག་ཐུབ་པར་འགན་ལེན་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་ཐད་བཏོན་པའི་རེ་བ་གསལ་པོ་ཞིག་རེད། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། གནོད་ཐེབས་ཀྱི་སློབ་གྲྭ་ཚང་མ་དུས་ཐོག་ཏུ་སློབ་འགོ་བརྩམས་པ་དང་། བྱིས་པ་ཚོའི་བདེ་སྐྱིད་ལྡན་པའི་འཛུམ་མདངས་མཐོང་སྐབས་བློ་བདེ་བོ་བྱུང་། ཁྱོད་ཚོའི་སློབ་གྲྭས་ཐེངས་འདིའི་ཆུ་ལོག་སྔོན་འགོག་གནོད་སེལ་ཁྲོད་བདེ་བླག་ངང་ཉེན་གཡོལ་བྱེད་སའི་ནུས་པ་འདོན་སྤེལ་བྱས་པ་ཧ་ཅང་བཟང་། གསོན་ཉམས་ལྡན་པའི་སློབ་གཞི་འདི་བེད་སྤྱོད་གང་ལེགས་བྱེད་པ་དང་བདེ་འཇགས་སློབ་གསོ་སྤེལ་ཏེ་བྱིས་པ་ཚོའི་བདེ་འཇགས་འདུ་ཤེས་དང་ཉེན་གཡོལ་ནུས་པ་མཐོར་འདེགས་བྱེད་དགོས། ཐེངས་འདིའི་ཆུ་ལོག་སྔོན་འགོག་གནོད་སེལ་བྱ་བ་དེ་བྱིས་པ་ཚོས་ཚེ་གང་བོར་བརྗེད་མི་སྲིད་ལ། ཁོ་ཚོར་དྲིན་གཟོ་བྱེད་དུ་འཇུག་པ་དང་། ཕུགས་འདུན་བརྟན་པོ་ཡོད་པར་བྱས་ནས། སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་བྱེད་དུ་འཇུག་དགོས་ཞེས་གསུངས།
སློབ་གྲྭའི་ལུས་རྩལ་ཐང་དུ་ཞི་ཅིན་ཕིང་གིས་གཞུང་དོན་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་ཆུ་ལོག་སྔོན་འགོག་གནོད་སེལ་ཁྲོད་ཞུགས་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས། མེ་གསོད་དང་འཕྲལ་བསྟུན་རྒུད་སྐྱོབ་མི་སྣ། རྒྱལ་དབང་ཁེ་ལས་ཀྱི་ལས་བཟོ་པ། དང་བླངས་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་ཆུ་ལོག་སྔོན་འགོག་གནོད་སེལ་གྱི་འཐབ་རྩོད་དེའི་ཁྲོད། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་མདུན་གྲལ་དུ་བསྐྱོད་པ་དང་། འགན་འཁྲི་འཁུར་ཕོད་པར་བྱས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག མེ་གསོད་རྒུད་སྐྱོབ་རུ་ཁག་གི་བཀོད་འཐབ་པས་དཔའ་ངར་ཆེན་པོས་གདོང་མཆོང་བྱས་པ་དང་ཉེན་ཁ་ཆེ་བའི་ཕྱོགས་སུ་མདུན་སྐྱོད་བྱས། རྒྱལ་དབང་ཁེ་ལས་ཀྱི་ལས་བཟོ་པས་ཆུ་ལོག་གི་གནོད་པ་ཐོས་འཕྲལ་བྲེལ་མྱུར་རོགས་སྐྱོར་བྱས། སྤྱི་ཚོགས་ལས་རིགས་སོ་སོ་དང་དང་བླངས་པས་ཧུར་ཐག་སྒོས་ཟབ་ཞུགས་དང་གཅེས་སེམས་ཕུལ་ཏེ་ཆུ་ལོག་ལ་བརྩེ་བ་མེད་ཀྱང་མི་ལ་བརྩེ་བས་ཁེངས་པའི་མི་ཡུལ་གྱི་བརྩེ་བ་ཆེན་པོ་བསྟན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན་ཕྱོགས་ཚང་མས་རོགས་སྐྱོར་བྱེད་པའི་ཁྱད་སྟོབས་དང་རྒྱལ་ཡོངས་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་དཀའ་སྡུག་མཉམ་མྱོང་བྱེད་པའི་འབད་འཐབ་སྙིང་སྟོབས་མངོན་པར་བྱས་ཡོད་ལ། མི་སེམས་འགུལ་བའི་གཏམ་རྒྱུད་མང་བོ་བྱུང་ཡོད། ཏང་ཡོན་ལས་བྱེད་པ་མང་པོས་ཆུ་ལོག་སྔོན་འགོག་དང་ཉེན་སེལ་སྐབས་སུ་རང་སྲོག་བློས་བཏང་བས། ང་ཚོས་དུས་གཏན་དུ་ཁོ་ཚོར་རྗེས་དྲན་ཞུ་བ་དང་། ཁོ་ཚོའི་དཔའ་ངར་ལྡན་པའི་མཛད་རྗེས་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་དགོས་ལ། འབྲེལ་ཡོད་ཕྱོགས་ཀྱིས་ཁོ་ཚོའི་ཁྱིམ་མིར་སེམས་ཁུར་དང་ལྟ་སྐྱོང་གང་ལེགས་བྱེད་དགོས་ཞེས་གསུངས།
ཉིན་གུང་ལ་ཉེ་དུས། ཞི་ཅིན་ཕིང་མེའོ་ཧྥུན་རི་བོ་གྲོང་རྡལ་ཧྲོས་ཡུས་ཙོས་གྲོང་སྡེར་གཟིགས་ཞིབ་མཛད་པར་ཕེབས། གྲོང་སྡེའི་ཆུ་འགྲམ་གྱི་སྟེགས་བུ་ནས། ཞི་ཅིན་ཕིང་གིས་གྲོང་སྡེ་དེའི་གནས་ཚུལ་མཚམས་སྦྱོར་བྱས་པར་གསན་པ་དང་། དེའི་རྗེས་སུ་རྐང་ཐང་དུ་ཕེབས་ནས་གྲོང་སྡེའི་རྣམ་པར་གཟིགས་ཞིབ་མཛད་ནས་རྨང་གཞིའི་སྒྲིག་ཆས་སླར་གསོ་དང་འཛུགས་སྐྲུན་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་རྗེས་ངེས་པར་དུ་འཛུགས་སྐྲུན་བཅོས་སྐྱོང་ཆེན་པོ་བྱས་ནས་ཆུ་བེད་སྒྲིག་ཆས་དང་ཆུ་ལོག་སྔོན་འགོག་སྒྲིག་ཆས་ཀྱི་ཆུ་ཚད་མཐོར་འདེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་དང་། རྒྱང་རིང་ལ་དམིགས་པ། ཚན་རིག་དང་མཐུན་པར་འཆར་འགོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། བསྐྱར་འཛུགས་སླར་གསོའི་བྱ་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉེན་གཤིས་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱོད་པ་དང་། ཕྱོགས་ཡོངས་ནས་གནོད་འཚེ་སྔོན་འགོག་དང་གནོད་སེལ་ནུས་པ་མཐོར་འདེགས་གཏོང་དགོས། ཁྱད་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་གྱི་གནོད་འགོག་གནོད་སེལ་དང་རང་སྐྱོབ་རོགས་རེས་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་གསུངས།
སྡེ་མི་ལིས་མིན་ཚང་དུ་ཞི་ཅིན་ཕིང་གིས་སྡོད་ཁང་ལ་གནོད་འཚེ་ཐེབས་ཚད་དང་། ཉམས་གསོའི་འགྲོ་གྲོན། དྲོད་འདོན་སོགས་ཀྱི་གནས་ཚུལ་ཞིབ་མོར་བཀའ་འདྲི་གནང་། ཞི་ཅིན་ཕིང་གིས་གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་བདེ་འཇགས་དང་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་པ་དེ་ལས་འགན་གལ་ཆེན་ཞིག་ཡིན། བྱང་ཕྱོགས་སུ་དགུན་དུས་རིང་བ་དང་རི་ཁུལ་དུ་དགུན་ཁར་དེ་བས་གྲང་ངར་ཆེ་བས་དྲོད་འདོན་བྱ་བ་ངེས་པར་དུ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཁྱིམ་ཚང་ཚང་མར་དོན་འཁྱོལ་བྱེད་དགོས། སྡོད་ཁང་ཉམས་གསོ་དང་ཇེ་བརྟན་དུ་བཏང་ཟིན་པའམ་ཡང་ན་བསྐྱར་འཛུགས་བྱས་ནས་སྡོད་ཁང་ནང་འདུག་པའི་ཆ་རྐྱེན་འཛོམས་པའི་གནོད་ཐེབས་ཁྱིམ་ཚང་ལ་དགུན་དུས་ཀྱི་དྲོད་འདོན་བྱ་བ་དངོས་འབེབས་བྱེད་པར་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས། སྡོད་ཁང་བསྐྱར་འཛུགས་བྱས་ཚར་མེད་པའི་གནོད་འཚེ་ཐེབས་མཁན་དག་གིས་གཉེན་ཉེ་དང་གྲོགས་པོར་རེ་བ་དང་། ཁང་བ་གླ་བ། སྲིད་གཞུང་གིས་བཀོད་སྒྲིག་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཁོ་ཚོས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས།
གྲོང་སྡེ་དང་འབྲལ་སྐབས་གནས་དེའི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་སྐྱེལ་མ་ཞུས། ཞི་ཅིན་ཕིང་གིས་ཚང་མར་ངས་ཐོག་མཐའ་བར་གསུམ་དུ་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་སེམས་ཁུར་བྱེད་བཞིན་ཡོད། གུང་ཁྲན་ཏང་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པས། མི་སེར་དག་ནམ་ཡང་སེམས་ནང་གི་ཆེས་མཐོ་བའི་གོ་གནས་སུ་བཞག་ཡོད། ཉེན་སེལ་རྒུད་སྐྱོབ་དང་བསྐྱར་འཛུགས་སླར་གསོའི་བྱ་བ་གང་ཡིན་རུང་ཚང་མས་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད། ཡུལ་མི་ཚོས་ཡིད་ཆེས་བརྟན་པོ་བཅངས་ནས་ཁྱིམ་གཞིས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།
ད་ལོའི་ཆར་ཆུ་མོད་པའི་དུས་ཚིགས་སུ། པའོ་ཏེན་ས་ཆའི་ཀྲུའོ་ཀྲོའུ་གྲོང་ཁྱེར་དུ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐེབས་ཀྱང་། མིག་སྔར་གཏན་འཇགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད། ཚེས་10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧྲོང་ཐཱ་སྲང་ལམ་གྱི་ཡུང་ཅི་ཞིའུ་ཡོན་སྡེ་ཁུལ་དུ་ཕེབས། ཁོང་གིས་དང་ཐོག་སྡེ་ཁུལ་སྒོ་འགྲམ་གྱི་སྨན་བཙོང་ས་དང་ཚོང་ཁང་ནས་ཚོང་བར་ཚོང་གཉེར་སླར་གསོའི་གནས་ཚུལ་ཞིབ་ཏུ་དྲིས། དེའི་རྗེས་སུ་སྡེ་ཁུལ་གྱི་ཚ་ཤུགས་ས་ཚིགས་སུ་ཕེབས་ནས་དྲོད་རླངས་མཁོ་འདོན་སྒྲིག་ཆས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་གནོད་འཚེ་ཆེན་པོ་ཐེབས་པ་ལས་སྡོད་དམངས་དང་ཐོན་སྐྱེད་གཉེར་སྐྱོང་སྡེ་ཁག་རེ་འགར་གྱོང་གུན་མི་ཉུང་བ་ཞིག་ཐེབས་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནོད་པ་ཐེབས་པའི་མང་ཚོགས་དང་། ཁེ་ལས། ཚོང་བ་བཅས་དཀའ་ཁག་ལས་སྒྲོལ་བར་རོགས་རམ་གང་ལེགས་བྱེད་དགོས། གྲོང་ཁྱེར་བསྐྱར་འཛུགས་སླར་གསོ་བྱེད་པར་གནོད་འཚེ་སྔོན་འགོག་གི་ཁུངས་སྐྱེལ་འཆར་འགོད་བཟང་བོ་བྱེད་པ་དང་། གནོད་འཚེ་དང་ཉེན་ཁ་ལས་ཐར་བར་བསམ་གཞིག་གང་ལེགས་གཏོང་བ། ཆུ་ལོག་ཕྱིར་གཏོང་བྱེད་ས་ལས་པ། ཆུ་ཕྱིར་གཏོང་གི་སྦུག་ལམ་དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་གསར་སྒྱུར་བྱས་ནས་གྲོང་ཁྱེར་གྱི་འཁོར་སྐྱོད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་སྡེ་མི་ཏུང་ཚའེ་དབྱིང་ཚང་དུ་འཚམས་འདྲི་བྱེད་པར་བསྐྱོད་དེ། ཆུ་ལོག་གི་ཆུ་གནས་དང་། འཕྲལ་མྱུར་སྡོད་གནས། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གསར་བརྗེས། དྲོད་རླངས་མཁོ་འདོན། འབྲེལ་ཡོད་ཁ་གསབ་སོགས་ཀྱི་གནས་ཚུལ་ཞིབ་ཏུ་དྲིས། ཏུང་ཚའེ་དབྱིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་ཁང་བའི་ཞིག་རོ་གཙང་སེལ་དང་ཉམས་གསོ་བྱས་ཡོད་ལ། ཁང་པའི་ནང་སྤར་ནས་དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་གནད་དོན་མེད་ཟེར། ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་བྱ་བ་གཙོ་བོ་ནི་ཁྱིམ་ཚང་ཚང་མའི་འཚོ་བ་དང་སྡེ་ཁུལ་གྱི་འཚོ་སྡོད་ཁོར་ཡུག་སླར་གསོ་བྱེད་རྒྱུ་དེ་ཡིན། ཆད་ལུས་ཞིབ་བཤེར་དང་ཁ་གསབ་བྱས་ཏེ་བྱ་བ་སྔར་ལས་ཞིབ་ཚགས་དང་ཏན་ཏིག་གིས་སྒྲུབ་དགོས་པ་དང་གཞི་རིམ་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། སྲང་ལམ་གྱི་ཁྱིམ་མཚེས། དེ་མིན་ཕྱོགས་སོ་སོའི་ཆེད་ལས་སྟོབས་ཤུགས་དང་དང་བླངས་པ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་གསུངས།
སྡེ་ཁུལ་དང་འབྲལ་སྐབས་ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་སྡོད་དམངས་དང་བརྩེ་བའི་གསུང་གླེང་མཛད། ཞི་ཅིན་ཕིང་གིས་ཚང་མར་ཀྲུའོ་ཀྲོའུ་གི་ཐེངས་འདིའི་གནོད་འཚེ་ཧ་ཅང་ཚབས་ཆེན་ཡིན་ཞིང་། སྐབས་དེར་ངས་ཉིན་རེ་བཞིན་ཁྱོད་ཚོའི་གནས་འདིའི་གནས་ཚུལ་ལ་དོ་སྣང་བྱས་ནས་ཚང་མར་སེམས་ཁུར་ཆེན་པོ་བྱས་པ་ཡིན། དེ་རིང་གྲོང་སྲིད་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་སླར་གསོ་འཁོར་སྐྱོད་བྱེད་པ་དང་། ཚང་མའི་འཚོ་བ་ཕལ་ཆེར་རྒྱུན་ལྡན་དུ་གྱུར་ཡོད་པ་མཐོང་བས་སེམས་ཧ་ཅང་བདེ་ཡོད། ཆར་རླུང་གི་རྗེས་སུ་འཇའ་ཚོན་མཐོང་ཐུབ། ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱས་ན། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་ངེས་ཡིན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད་པས་གནོད་ཐེབས་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཆུ་ལོག་སྔོན་འགོག་གནོད་སེལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བསྐྱར་འཛུགས་སླར་གསོའི་གྲུབ་འབྲས་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་ཞེས་གསུངས།
ཏེའོ་ཝོ་གྲོང་རྡལ་ཝན་ཆོན་ཀྲོང་སྡེ་བ་ནི་ལན་གུག་ལུང་བའི་ཆུ་ལོག་གསོག་ཁུལ་དུ་གནས་པ་དང་ད་ལོའི་ཆར་ཆུ་མོད་པའི་དུས་སུ་གྲོང་སྡེ་དེ་ཡོངས་ཀྱི་ཁྱིམ་ཚང་སུམ་བརྒྱ་དང་བཅུ་གཅིག་པོ་ཚང་མར་གནོད་འཚེ་ཐེབས་ཡོད། ཞི་ཅིན་ཕིང་གིས་གྲོང་སྡེའི་ལམ་དང་ཁང་པ་སོགས་བསྐྱར་འཛུགས་སླར་གསོའི་གནས་ཚུལ་ལ་ཞིབ་མོར་གཟིགས་ཞིབ་མཛད། ཁོང་སྡོད་ཁང་བསྐྱར་འཛུགས་ཀྱི་བཟོ་སྐྲུན་ལས་ཡུལ་དུ་ཕེབས་ནས་གནོད་འཚེ་ཐེབས་པའི་གྱོང་གུན་དང་། བཟོ་སྐྲུན་གྱི་འཕེལ་རིམ། བོགས་གཏོང་ཁང་པའི་བར་བརྒལ་སོགས་ཀྱི་གནས་ཚུལ་དྲིས་པ་དང་། ཁོ་ཚོས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་དཀའ་གནད་མཉམ་སྒྲོལ་དང་འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་བསྐྱར་འཛུགས་བྱེད་དགོས་པའི་སྐུལ་ལྕག་གནང་།
གྲོང་མི་དབྱང་ཕེ་རན་ཚང་གི་སྡོད་ཁང་ལ་གནོད་འཚེ་ཕོག་པ་ཅུང་ཚབས་ཆུང་བས་ཇེ་བརྟན་དུ་བཏང་ནས་སྡོད་ཁང་ནང་སྤར་ཡོད། ཞི་ཅིན་ཕིང་དབྱང་ཕེ་རན་ཚང་དུ་ཕེབས་ནས་ཁོ་ཚང་གི་ཡོང་འབབ་དང་། ཉམས་གསོ་དང་འགྲོ་སོང་། ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད་དེ། སྡོད་ཁང་ཉམས་གསོ་བརྟན་གཏོང་བསྐྱར་སྐྲུན་བྱ་རྒྱུ་ནི་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་དོན་ཆེན་ཨང་དང་པོ་དེ་ཡིན། ད་ལྟ་བལྟས་ན། ཞིག་གསོ་དང་ཇེ་བརྟན་དུ་གཏོང་བའི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་ཞིང་། ལས་འགན་ལྕི་ཤོས་དང་དཀའ་ཚེགས་ཆེ་ཤོས་ནི་བསྐྱར་སྐྲུན་བྱ་རྒྱུ་དེ་རེད། བསྐྱར་སྐྲུན་དུད་ཚང་ལ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དེ་བས་སེམས་ཁུར་བྱས་ཏེ་བར་བརྒལ་དུས་སྐབས་སུ་དམིགས་བསལ་གྱི་དཀའ་ངལ་ཡོད་པ་དང་རང་ཉིད་ཀྱིས་སྡོད་ཁང་གནད་དོན་ཐག་གཅོད་བྱེད་ཐབས་མེད་པའི་རིགས་བཀོད་སྒྲིག་འོས་འཚམ་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་གནོད་འཚེ་ཕོག་ནས་བསྐྱར་དུ་དབུལ་བོར་འགྱུར་རྒྱུ་བཀག་འགོག་བྱེད་དགོས་ཞེས་གསུངས།
སྡེ་མི་དབྱང་ཕའེ་རན་ཚང་གི་ཁང་བར་གཏོར་བརླག་ཐེབས་པ་དེ་འདྲའི་ཚབས་ཆེན་མ་ཡིན་པས། ཉམས་གསོ་སྲ་བརྟན་དུ་གཏོང་བའི་བྱ་བ་ཡོངས་འགྲུབ་བྱས་ནས་ཁང་བའི་ནང་སྤར་ཡོད། ཞི་ཅིན་ཕིང་དབྱང་ཕའེ་རན་ཚང་དུ་ཕེབས་ནས། ཁོ་ཚང་གི་ཁྱིམ་ཚང་ཡོང་འབབ་དང་ཁང་བ་ཉམས་གསོ་བྱས་པའི་འགྲོ་གྲོན། ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཁང་བ་ཉམས་གསོ་ཇེ་བརྟན་དུ་གཏོང་བ་ནི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་དོན་ཆེན་གཙོ་བོ་ཡིན། ད་ལྟ་བལྟས་ན་ཉམས་གསོ་དང་ཇེ་བརྟན་དུ་གཏོང་བའི་ལས་འགན་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད། ལས་འགན་ལྗིད་པ་དང་དཀའ་ཁག་ཆེས་ཆེ་བ་ནི་བསྐྱར་འཛུགས་བྱེད་རྒྱུ་དེ་རེད། བསྐྱར་འཛུགས་བྱེད་པའི་ཁྱིམ་ཚང་ལ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྷག་ཏུ་སེམས་ཁུར་བྱེད་དགོས་ལ། བར་བརྒལ་དུས་སྐབས་སུ་དམིགས་བསལ་གྱི་དཀའ་ཁག་བྱུང་ནས། རང་སྟེང་ནས་སྡོད་ཁང་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཚེ་བཀོད་སྒྲིག་འོས་འཚམ་བྱེད་དགོས། ཟོལ་མེད་ཀྱི་ནུས་ལྡན་བྱེད་ཐབས་སྤྱད་ནས་གནོད་འཚེའི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་དགོས་ཞེས་གསུངས།
སྡེ་བ་དེ་དང་འབྲལ་སྐབས་སྡེ་མི་ཚོས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་གིས་སྡོད་དམངས་ཚོར་གྱོང་གུན་ཧ་ཅང་ཆེན་པོ་ཐེབས་ཡོད་པས། ངས་ཚང་མར་འཚམས་འདྲི་ཞུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད། སྡོད་དམངས་དག་གིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་རང་ཉིད་ཀྱི་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བསྐྱར་འཛུགས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་ད་རུང་སྡེ་འགྲམ་གྱི་ཞིང་སའི་ནང་ཕེབས་ཏེ་དགུན་གྲོ་དང་ཚོད་དཀར་གྱི་སྐྱེས་ཚད་ལ་གཟིགས་ཞིབ་མཛད། ཁོང་གིས་ཞིང་ལས་ཐོན་སྐྱེད་ནི་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། ཁྱིམ་ཚང་སོ་སོའི་ཡོང་འབབ་ལ་ཐད་ཀར་དུ་འབྲེལ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལའང་འབྲེལ་ཡོད་པས། མུ་མཐུད་དུ་གཏོར་བརླག་ཐེབས་པའི་ཞིང་ས་དང་ཞིང་ལས་སྒྲིག་ཆས་མྱུར་མོར་ཞིག་གསོ་བྱེད་པ་དང་། ཞིང་ལས་མ་དངུལ་གྱི་མཁོ་འདོན་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་ཞིང་ལས་ལག་རྩལ་གྱི་མཛུབ་སྟོན་ལ་ཤུགས་སྣོན་པ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ཞིང་ལས་ཐོན་སྐྱེད་ལ་རྩ་འཛུགས་བཀོད་སྒྲིག་གང་ལེགས་བྱས་ནས། སང་ལོར་ལོ་ལེགས་འབྱུང་བར་བརྩོན་ལེན་བྱེད་དགོས་ཞེས་གསུངས།
པེ་ཀུག་ཆུ་བོ་ནི་ཏཱ་ཆིན་ཆུ་བོའི་བཞུར་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་གི་ཆུ་ལམ་གཙོ་བོ་ཞིག་ཡིན། ཞི་ཅིན་ཕིང་པེ་ཀུག་ཆུ་བོའི་བཅོས་སྐྱོང་བཟོ་སྐྲུན་གྱི་ཡུལ་དངོས་སུ་ཕེབས་ནས། བཟོ་སྐྲུན་གྱི་འཕེལ་ཚུལ་ལ་གཟིགས་ཞིབ་མཛད་པ་དང་ཧི་པེ་ཞིང་ཆེན་གྱི་གནོད་འཚེའི་རྗེས་ཀྱི་ཆུ་བེད་བཟོ་སྐྲུན་ཆེན་མོའི་བསྐྱར་འཛུགས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
ཞི་ཅི་ཕིང་གིས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་ཆུ་གཅིག་ཏུ་འབྲེལ་ཡོད་པ་དང་། ཆུ་ལོག་སྔོན་འགོག་ནི་གནད་དམ་པ་ཡིན་པས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་བཟོ་སྐྲུན་མ་ལག་གི་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་ཞིབ་འཇུག་དང་དེར་སྐུལ་འདེད་གཏོང་དགོས། མ་ལག་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། བཞུར་རྒྱུད་དང་ས་ཁོངས་གཅིག་འདོམས་བྱས་ཏེ་ཆུ་བོའི་སྟོད་སྨད་དང་གཡས་གཡོན། ཆུ་ལག་བཅས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་ཏེ། ཚན་རིག་ལྟར་ཆུ་མཛོད་དང་ཆུ་རྐ། ཆུ་རགས། ཆུ་གསོག་ཁུལ་སོགས་ཀྱི་བྱེད་ནུས་འཛུགས་སྐྲུན་ལ་བཀོད་སྒྲིག་བྱས་ནས། སྤྱི་ཕྱོགས་ནས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གྱི་ཆུ་ལོག་སྔོན་འགོག་ནུས་པ་མཐོར་འདེགས་བྱེད་དགོས་ཞེས་བསྟན།
ཆུ་རགས་སྟེང་ནས་ཞི་ཅིན་ཕིང་གིས་ཆུ་བེད་བཟོ་སྐྲུན་གྱི་འཛུགས་སྐྲུན་མི་སྣ་དང་ཀྲུའུ་ཀྲོའུ་ཡི་ཆུ་ལོག་སྔོན་འགོག་རྒུད་སྐྱོབ་ལ་ཞུགས་མྱོང་བའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་དམག་རྗེས་གྲབས་མི་སྣ། མེ་གསོད་རྒུད་སྐྱོབ་རུ་ཁག་སོགས་ཀྱི་འཐུས་མིར་བརྩེ་བའི་འཚམས་འདྲི་མཛད། ཁོང་གིས་ཐེངས་འདིའི་ཆུ་ལོག་གནོད་འགོག་རྒུད་སྐྱོབ་ཀྱི་སྐབས་སུ། ཕྱོགས་སོ་སོའི་སྟོབས་ཤུགས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྡུག་མཉམ་མྱོང་བྱས་ཏེ། ཆུ་ལོག་སྔོན་འགོག་རྒུད་སྐྱོབ་དང་ཁྱིམ་གཞིས་སྲུང་སྐྱོབ་ཀྱི་ལྕགས་རི་བརྟན་པོ་མཉམ་དུ་བསྐྲུན་ཡོད་ལ། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་སྟོབས་དང་ལྡན་པའི་ཁྱད་སྟོབས་མངོན་པར་བྱས་ཡོད། མི་དམངས་མང་ཚོགས་ཀྱིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད། ཏང་དང་སྲིད་གཞུང་གིས་ཁྱོད་ཚོར་བཀའ་དྲིན་ཞུ་བཞིན་ཡོད་ཅེས་གསུངས།
ཕྱིར་པེ་ཅིང་དུ་མ་ལོག་གོང་། ཞི་ཅིན་ཕིང་གིས་ཕེབས་རོགས་མི་སྣ་དང་ས་དེའི་ལས་བྱེད་པ་རྣམས་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་ཇུས་ཆོད་བཀོད་སྒྲིག་འོག རིམ་པ་སོ་སོ་དང་ཕྱོགས་སོ་སོས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། ལོ་བརྒྱའི་ནང་མཐོང་དཀོན་པའི་ཆུ་ལོག་གི་གནོད་འཚེ་ཆེས་དམའ་བའི་ཚད་དུ་ཇེ་དམའ་རུ་བཏང་ཡོད། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོའི་འབྲེལ་ཡོད་ཁྱབ་ཁོངས་རྒྱ་ཆེ་བ་དང་། བཟོ་སྐྲུན་རྣམ་གྲངས་མང་ལ། མ་དངུལ་བཏང་ཚད་མང་། ཉེ་སྔོན་ཀྲུང་དབྱང་གིས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་གི་རྒྱལ་བུན་ཁ་སྣོན་བྱས་ཏེ། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་གནོད་འགོག་གནོད་སེལ་ནུས་པ་མཐོར་འདེགས་བྱེད་པའི་ལས་གཞིའི་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཐག་བཅད་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་སོ་སོས་བདེན་འཚོལ་དངོས་གཉེར་དང་ཚན་རིག་འཆར་འགོད། ལུགས་མཐུན་བཀོད་སྒྲིག་བཅས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། མ་དངུལ་དེ་གནད་ཆེ་སར་བཀོལ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བཟོ་སྐྲུན་འཛུགས་སྐྲུན་སྣ་ཚོགས་དམངས་སེམས་བཟོ་སྐྲུན་དང་སྤུས་ལེགས་བཟོ་སྐྲུན། སྤྱོད་གཙང་བཟོ་སྐྲུན་བཅས་སུ་འགྱུར་བར་བྱེད་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་མཉམ་དུ་གཟིགས་ཞིབ་མཛད།
ཧི་ཝེ་ཏུང་འབྲེལ་ཡོད་བྱ་འགུལ་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注